མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཤམ་བྷ་ལའི་གྲོས་མོལ་སྐབས་བཅུ་གཉིས་པ་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བདེ་འཇགས་མཉམ་ལས་ལ་དོ་སྣང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤམ་བྷ་ལའི་གྲོས་མོལ་སྐབས་བཅུ་གཉིས་པ་སྤྱི་ཟླ6པའི་ཚེས2ཉིན་སིང་ག་ཕོར་ནས་གྲོལ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བདེ་འཇགས་མཉམ་ལས་དེ་ཚོགས་ཞུགས་རྒྱལ་ཁབ་དང་ས་ཁུལ་སོ་སོའི་འཐུས་མིས་དོ་སྣང་བྱེད་པའི་གཙོ་གནད་དུ་གྱུར་ཡོད།

ཚོགས་ཡུན་ཉིན་གསུམ་ཡིན་པའི་གྲོས་ཚོགས་སྐབས་སུ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ། དེ་མིན་ས་གནས་གཞན་པ་ནས་ཡོང་བའི་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་གི་རྒྱལ་སྲུང་བློན་ཆེན་དང་འགོག་སྲུང་ལས་དོན་གྱི་མཐོ་རིམ་དཔོན་པོ། མཁས་པ་བཅས་ཀྱིས་ས་ཁོངས་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཕྱོགས་གཉིས་དང་ཕྱོགས་མང་བོའི་གྲོས་མོལ་བྱས། དེའི་ནང་བྱང་ཆིངས་རྩ་འཛུགས་དང་དབྱིན་ཇི། ཁཱ་ནཱ་ཏཱ་སོགས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་མི་གཏོགས་པའི་རྒྱལ་ཁབ་དང་ས་ཁོངས་དམག་དོན་རྩ་འཛུགས་ཀྱི་འཐུས་ཚབ་ཚོགས་པའང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བདེ་འཇགས་ལས་དོན་གྱི་གྲོས་བསྡུར་ལ་ཞུགས་པ་དང་། གྲོས་བསྡུར་གྱི་ནང་དོན་ནི་སྲོལ་རྒྱུན་གྱི་བདེ་འཇགས་གྲོས་གཞི་དང་རྒྱ་མཚོའི་བདེ་འཇགས། དྲ་རྒྱའི་དཔུང་འཇུག་སོགས་སྲོལ་རྒྱུན་མ་ཡིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་མཉམ་ལས་ལ་འབྲེལ་ཡོད།

ཤམ་བྷ་ལའི་གྲོས་མོལ་ཐོག་དང་པོར་ཞུགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་བར་གྱི་འབྲེལ་འདྲིས་དང་། ཁྱད་པར་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་། མཚོ་ཇག་ལ་ངོ་རྒོལ་བྱེད་པ་སོགས་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། རྒྱུ་མཚན་ནི་བདེ་འཇགས་འགྲན་རྩོད་དེ་དག་ནི་རྒྱལ་ཁོངས་བརྒལ་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཡིན་པས། འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་ཐག་གཅོད་བྱེད་དགོས་པས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག