མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཙུང་ཐུང་གིས་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་འཐུས་མི་མངག་གཏོང་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-31 11:36

1.jpg

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱི་རྒྱུ་ཆའི་པར་རིས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་སྤྱི་ཟླ5བའི་ཚེས30ཡི་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། སི་རི་ཡཱའི་སྲིད་གཞུང་གིས་རི་ནེ་ཝ་ནས་བསྡུ་རྒྱུ་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་འཐུས་མི་མངག་གཏོང་བྱེད་རྒྱུ་ཡིན་ཟེར།

  པཱ་ཧྲ་ཨར་གྱིས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་ཕྱོགས་སྟོན་གློག་སྒྲོན་བརྙན་འཕྲིན་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོ་སི་རི་ཡཱའི་མི་དམངས་ཀྱི་ཁྲིམས་མཐུན་འཐུས་མི་ཡིན་པའི་ཆ་ནས་གྲོས་ཚོགས་གང་རུང་ལ་ཞུགས་རྒྱུ་ཡིན། ངས་ཉིན་གཉིས་ཀྱི་སྔོན་ལ་རྒྱལ་སྤྱིའི་གྲོས་ཚོགས་དེར་ཞུགས་པར་ཡིད་འཐད་ཡིན་པའི་ཚུལ་བསྟན། རྒྱུ་མཚན་ནི་ངས་བསམ་ན་གྲོས་ཚོགས་དེའི་འདོད་བློ་ཧ་ཅང་བཟང་བར་འདོད། ང་ཚོའི་ཆ་རྐྱེན་ཉག་ཅིག་ནི་དོན་གང་ཞིག་སྒྲུབ་ཡང་མི་དམངས་ཀྱི་རེ་འདོད་དང་མཐུན་དགོས་ལ། དེ་ལས་ལྡོག་ན་དོན་རྐྱེན་ཅི་ཡང་འབྱུང་མི་སྲིད་ཟེར།

  སི་རི་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་སྐོར་ནས་པཱ་ཧྲ་ཨར་གྱིས་བཤད་རྒྱུར། སི་རི་ཡཱའི་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་ཉེས་ཅན་བར་གྱི་འཐབ་འཁྲུག་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་དང་འདབས་འབྲེལ་དུ་ཡོད་པའི་སི་རི་ཡཱའི་མངའ་ཁོངས་སུ་དྲག་ཆས་མི་སྣ་རེ་འགའ་མངག་གཏོང་བྱས་ཀྱང་། གཙོ་བོ་ནི་སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་ཉེས་ཅན་དང་འཐབ་འཁྲུག་བྱེད་བཞིན་ཡོད་ཟེར།

  པཱ་ཧྲ་ཨར་གྱིས་ད་རུང་བསྟན་དོན། གལ་ཏེ་དབྱི་སི་རལ་གྱིས་ཡང་བསྐྱར་སི་རི་ཡཱ་ལ་འཇབ་རྒོལ་བྱས་ཏེ། སི་རི་ཡཱའི་དམག་དཔུང་གིས་ཕྱིར་རྒོལ་ལན་དྲག་པོ་སྤྲོད་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག