མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་རྒྱ་གར་གྱི་མགོ་གཙོའི་གྲོས་མོལ་ནས་ཉིང་རྡུལ་ནུས་པའི་གྲོས་ཆོད་ཀྱི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཁས་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་ཙུང་ལི་ཞིན་ཀི་གཉིས་ཀྱིས་སྤྱི་ཟླ5བའི་ཚེས29ཡི་ཉིན་གྱི་དགོང་མོར་ཏུང་ཅིན་དུ་ཡོད་པའི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་དུག་རླངས་ཕྱིར་ཤོར་བའི་དོན་རྐྱེན་བྱུང་རྗེས་མཚམས་ཆད་པའི་ཉིང་རྡུལ་ནུས་པའི་གྲོས་ཆོད་ཀྱི་གྲོས་མོལ་སླར་གསོ་བྱས་ཏེ་སྔ་མོ་ནས་གྲོས་མཐུན་འགོད་པར་སྟབས་བདེ་བཟོ་བར་འཐད་པ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། ཚེས་ཉེར་དགུའི་ཉིན་གྱི་དགོང་མོའི་གྲོས་མོལ་གྱི་ནང་དོན་གཙོ་བོ་ནི་འཇར་པན་དང་རྒྱ་གར་གྱི་ཉིང་རྡུལ་ནུས་པའི་མཉམ་ལས་ཡིན་པ་དང་། ཕྱོགས་གཉིས་ཀྱིས་འཇར་པན་གྱིས་རྒྱ་གར་ལ་རོགས་རམ་བྱས་ཏེ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པའི་འཆར་གཞི་དང་འཇར་པན་དང་རྒྱ་གར་གྱི་ཉིང་རྡུལ་ནུས་པའི་གྲོས་ཆོད་ཀྱི་གྲོས་མོལ་སླར་གསོ་བྱེད་པར་ཁས་ལེན་བྱས། དེ་ལས་གཞན་ད་རུང་འཇར་པན་དང་རྒྱ་གར་གྱི་བདེ་འཇགས་འགན་སྲུང་མཉམ་ལས་བྱ་བར་གྲོས་མོལ་བྱས། རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་ད་རུང་འཇར་པན་གྱི་གནམ་བསྐོས་གོང་མ་ཁྱོ་ཤུག་གཉིས་ད་ལོའི་ཟླ་བཅུ་གཅིག་པར་རྒྱ་གར་དུ་འཚམས་འདྲིར་ཡོང་བར་གདན་ཞུ་བྱས།

གྲོས་མོལ་བྱས་རྗེས། ཨན་པའེ་ཅིན་སན་གྱིས་བསྟན་དོན། ལོ་བདུན་གྱི་སྔོན་ལ་ངས་ཙུང་ལི་ཞིན་ཀི་དང་མཉམ་དུ་འཇར་པན་དང་རྒྱ་གར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་གྲོས་ཁ་མཐུན་པོ་བྱུང་། ཐེངས་འདིར་ཙུང་ལི་ཞིན་ཀི་ཡིས་འཇར་པན་དུ་འཚམས་འདྲི་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་རེ་བ་བཅངས་ཡོད་ཟེར། ཙུང་ལི་ཞིན་ཀི་ཡིས་བསྟན་དོན། འཇར་པན་གྱིས་མུ་མཐུད་དུ་རྒྱ་གར་གྱི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཞོར་དུ་ཉོ་ཚོང་དང་དམངས་ཁྲོད་ཀྱི་དངུལ་གཏོང་ཁྱབ་ཁོངས་ཀྱང་སྔར་ལས་རྒྱ་བསྐྱེད་པར་རེ་བ་བཅངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག