མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་ཀྱིས་ཅིར་ཅི་སི་སི་ཐན་སྒོ་ཁྲལ་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་སྤྱི་ཟླ5བའི་ཚེས29ཡི་ཉིན་ཁྱབ་སྒྲོག་བྱས་དོན། སྒོ་ཁྲལ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཧཱ་སག་སི་ཐན་དང་། ཨུ་རུ་སི། ཨུ་རུ་སི་དཀར་པོ་བཅས་ཀྱིས་ཅིར་ཅི་སི་སི་ཐན་རྒྱལ་ཁབ་སྒོ་ཁྲལ་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། བུའུ་ཁི་ལན་རྒྱལ་ཁབ་མནའ་འབྲེལ་དེའི་ལྟ་ཞིབ་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

སྒོ་ཁྲལ་མནའ་འབྲེལ་གྱི་ཁོངས་སུ་གཏོགས་པའི་ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་བཅས་ཀྱིས་ཉིན་དེར་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་རང་བཙན་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་གྲོས་མོལ་བྱས། ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་མགོ་གཙོས་གྲོས་མོལ་བྱེད་སྐབས་ཅིར་ཅི་སི་སི་ཐན་སྒོ་ཁྲལ་མནའ་འབྲེལ་ནང་བསྡུ་ལེན་བྱེད་པ་དང་བུའུ་ཁི་ལན་མནའ་འབྲེལ་དེའི་ལྟ་ཞིབ་རྒྱལ་ཁབ་ཏུ་བསྡུ་ལེན་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་། ད་ལོའི་སྟོན་ཁའི་སྟོན་ལ་རྒྱལ་ཁབ་གསུམ་གྱི་ཆེད་མཁས་པས་འབྲེལ་ཡོད་ཡིག་ཆ་འབྲི་རྒྱུ་ཡིན་པ་དང་། ཡིག་ཆ་དེ་དག་ལ་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་ཐེངས་རྗེས་མར་མེན་སི་ཁི་ནས་གྲོས་མོལ་བྱེད་སྐབས་གྲོས་ཞིབ་བྱེད་རྒྱུ་ཡིན་ཟེར།

ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་སྒོ་ཁྲལ་མནའ་འབྲེལ་ནི་དཔལ་འབྱོར་གཞི་གཅིག་ཅན་གྱི་རྩ་འཛུགས་ཤིག་ཡིན་པ་དང་། ཧཱ་སག་སི་ཐན་དང་ཨུ་རུ་སི་དཀར་པོ། ཨུ་རུ་སི་བཅས་ཀྱིས་རྒྱལ་ཁབ་གསུམ་གྱི་བདག་དབང་ལ་གནོད་པའི་ཆབ་སྲིད་བྱེད་ནུས་གང་རུང་མནའ་འབྲེལ་དེའི་ཁོངས་སུ་བཙུགས་པའི་རྒྱལ་ཁོངས་བརྒལ་བའི་ལས་ཁུངས་གང་རུང་ལ་བརྒྱུད་སྤྲོད་བྱེད་རྩིས་མེད་པ་བསྐྱར་སྒྲོག་བྱས་ཀྱང་། གཞི་གཅིག་ཅན་གྱི་འཕེལ་རིམ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། གལ་ཏེ་རྒྱལ་ཁབ་གསུམ་གྱིས་བྱེད་ཐབས་གསར་བ་སྤྱད་དེ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་དགོས་པར་བསམ་ན། རྒྱལ་ཁབ་གསུམ་གྱིས་གནས་ཚུལ་ལ་གཞིགས་ཏེ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག