མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་རྒྱལ་ཁབ་བཞིའི་ཙུང་ཐུང་གིས་དངོས་གཞི་མིན་པའི་མཐོ་རིམ་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དྲུག་ཁྲོད་ཀྱི་ཨུ་རུ་སི་དང་ཅིར་ཅི་སི་སི་ཐན། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན་བཅས་རྒྱལ་ཁབ་བཞིའི་ཙུང་ཐུང་གི་དངོས་གཞི་མིན་པའི་མཐོ་རིམ་གྲོས་ཚོགས་དེ་སྤྱི་ཟླ5བའི་ཚེས28ཉིན་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁའེ་ཁི་ནས་བསྡུས་པ་དང་། གྲོས་ཚོགས་ནས་གཙོ་བོ་བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཀྱི་ས་ཁུལ་དེའི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་རང་གི་ཁོངས་གཏོགས་ས་ཁུལ་དུ་ནུས་པ་གལ་ཆེན་ཐོན་པ་དང་། ཁྱད་པར་དུ་ཁོངས་གཏོགས་རྒྱལ་ཁབ་བར་དུས་བཅད་ལྟར་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དེས་ས་ཁུལ་གྱི་བདེ་འཇགས་ཁྲོད་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ད་ལོའི་རང་བཙན་མཉམ་འབྲེལ་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་འཕྲལ་སྒྲུབ་དམག་དཔུང་གིས་ཨུ་རུ་སི་དཀར་པོ་དང་ཨུ་རུ་སིའི་ཁྲེ་ལི་ཡཱ་པེན་སི་ཁི་ས་ཁུལ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

གྲོས་ཚོགས་སྐབས་སུ་རྒྱལ་ཁབ་བཞིའི་ཙུང་ཐུང་གིས་ད་རུང་ཨུ་རུ་སི་དང་ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐཱ་ཅི་ཁི་སི་ཐན་བཅས་རྒྱལ་ཁབ་གཅིག་ཏུ་སྦྲེལ་བའི་ལྕགས་ལམ་ཞིག་འཛུགས་སྐྲུན་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག