མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལི་ཕེན་གྱི་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣའི་བར་དུ་འཐབ་འཁྲུག་དྲག་པོ་བྱུང་བ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལི་ཕེན་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སྲིད་གཞུང་དམག་གིས་ཉིན་དེའི་སྔ་དྲོར་ལྷོ་ཕྱོགས་ཀྱི་སུའུ་ལུའུ་ཞིང་ཆེན་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣར་འཐབ་འཁྲུག་དྲག་པོ་བརྒྱབ་པ་དང་། འཐབ་འཁྲུག་ཁྲོད་ནས་སྲིད་གཞུང་དམག་གི་དཔོན་དམག་བདུན་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དགུ་ལ་རྨས་ཕོག་ཟེར།

    ཧྥེ་ལི་ཕེན་དམག་ཕྱོགས་ཀྱི་མེན་ལན་ནུབ་མའི་དམག་སྤྱི་ཁང་གིས་བཤད་རྒྱུར། ཉིན་དེའི་སྔ་མོར་ཧྥེ་ལི་ཕེན་དམག་ཕྱོགས་ཀྱི་སྐམ་འཐབ་རུ་ཁག་གི་འཐབ་མོ་བར་སུའུ་ལུའུ་ཞིང་ཆེན་ཕ་ཏེ་ཁུའུ་ཨར་གྲོང་བརྡལ་གྱི་རི་ཁུལ་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་རྩ་འཛུགས་ཀྱི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། དཔོན་དམག་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་ཕོག རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

    ཨ་པུའུ་ཧྲ་ཡེ་ཧྥུའུ་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་འཐབ་འཁྲུག་གི་རྗེས་སུ་བྲོས་པ་དང་སྲིད་གཞུང་དམག་ར་མདར་སོང་ཡོད་ཟེར།

    སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཨ་པུའུ་ཧྲ་ཡེ་ཧྥུའུ་དྲག་ཆས་རྩ་འཛུགས་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་མགོར་བཙུགས་པ་དང་། ཧྥེ་ལི་ཕེན་ལྷོ་ཕྱོགས་སུ་འགུལ་སྐྱོད་བྱེད་བཞིན་པའི་ཐལ་སྐྱོད་དྲག་ཆས་སྟོབས་ཤུགས་ཤིག་ཡིན་ལ། འཇིགས་སྐུལ་འཇབ་རྒོལ་དང་བཙན་ཁྲིད་བྱ་འགུལ་རབ་དང་རིམ་པར་ཞུགས་མྱོང་། ཉེ་བའི་ལོ་འགའི་རིང་ལ་ཧྥེ་ལི་ཕེན་སྲིད་གཞུང་གི་ཆབ་ཕབ་འོག རྩ་འཛུགས་འདིའི་སྟོབས་ཤུགས་ཉམས་ཉན་དུ་གྱུར་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག