མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་ཆབ་སྲིད་ཀྱི་ལམ་ནས་སི་རི་ཡའི་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ན་སི་ལུའུ་ལ་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཀྲིན་ཀྲུའུ་ཏང་གིས་སི་རི་ཡ་ནས་བྱུང་བའི་དམག་འཁྲུག་ལ་ངོ་རྒོལ་བྱེད་བཞིན་པ་དང་། ཆབ་སྲིད་ཀྱི་ལམ་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཞེས་ནན་གྱིས་བཤད།

    ན་སི་ལུའུ་ལ་ཡིས་ཉིན་དེར་ལེ་པ་ནོན་ཤར་ཕྱོགས་ཀྱི་པེ་ཁ་གྲོག་རོང་ནས་ཀྲིན་ཀྲུའུ་ཏང་གིས་བསྡུས་པའི་འགོག་རྒོལ་དང་བཅིངས་འགྲོལ་ཉིན་མོར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་འདུ་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ད་ལྟ་ཀྲིན་ཀྲུའུ་ཏང་འགྲན་རྩོད་དང་ཉེན་ཁ་མང་བོར་འཕྲད་ཡོད་ལ། ཉེན་ཁ་གཙོ་བོ་གཉིས་ཡོད་དེ། གཅིག་ནི་དབྱི་སི་རལ་དང་དེའི་ཧམ་སེམས་དང་འཆར་གཞི་ཡིན་ལ། ཅིེག་ཤོས་ནི་སི་རི་ཡ་ནས་བྱུང་བའི་དྲག་ཤུགས་འཁྲུག་རྩོད་རེད་ཟེར།

    ན་སི་ལུའུ་ལ་ཡིས་བཤད་རྒྱུར། ཉིས་སྟོང་དྲུག་ལོར་ལེ་པ་ནོན་དང་དབྱི་སི་རལ་གྱིས་དམག་འཁྲུག་རྒྱག་མཚམས་བཞག་རྗེས། དབྱི་སི་རལ་གྱིས་ལེ་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་དམག་དོན་བཀོད་སྒྲིག་བྱེད་པར་ཤུགས་བསྣན་ཏེ། དམག་དོན་སྦྱོང་བརྡར་དང་འཁྲབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ཉིན་རེ་རེར་ལེ་པ་ནོན་ལ་དམག་འཁྲུག་སློང་བའི་འཇིགས་སྣང་སློང་བཞིན་ཡོད་ཟེར།

    ན་སི་ལུའུ་ལ་ཡིས་བཤད་རྒྱུར། ད་ལྟ་སི་རི་ཡ་ན་འབྱུང་བཞིན་པའི་དོན་དག་ཡོད་ཚད་ལེ་པ་ནོན་གྱི་ད་ལྟ་དང་མ་འོངས་པར་དོན་སྙིང་གལ་ཆེན་ལྡན་པ་དང་ལེ་པ་ནོན་གྱི་ལས་དབང་དང་དམ་དུ་འབྲེལ་ཡོད། ཀྲིན་ཀྲུའུ་ཏང་གིས་སི་རི་ཡའི་ཉམས་ཉེན་བྱུང་མ་ཐག་ནས་བཟུང་། སི་རི་ཡའི་མི་དམངས་ཀྱི་བཅོས་སྒྱུར་ཐད་ཀྱི་རེ་སྨོན་དེ་གྲོས་མོལ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་ལས། ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་དགྲ་ཟླ་རུ་འཛིན་རྒྱུ་དེ་མིན་པར་འདོད་ཡོད། ཀྲིན་ཀྲུའུ་ཏང་གིས་དྲག་ཤུགས་འཁྲུག་རྩོད་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་ཀྱི་ལམ་ནས་གནད་དོན་ཐག་གཅོད་པའི་འདོད་བློ་བཅངས་ཡོད་དེ། དེའི་རྒྱུ་མཚན་ནི་ཀྲིན་ཀྲུའུ་ཏང་གིས་སི་རི་ཡས་ལེ་པ་ནོན་དང་ཕ་ལེ་སི་ཐན། དབུས་ཤར་ས་ཁུལ་ཡོངས་བཅས་ལ་ཐོན་པའི་དོན་སྙིང་གསལ་བོར་ཤེས་ཡོད་པའི་རྐྱེན་ཡིན་ཟེར།

    ན་སི་ལུའུ་ལ་ཡིས་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་ལ་གྲོས་མོལ་བྱེད་འདོད་པ་དང་བཅོས་སྒྱུར་བྱེད་འདོད་པའི་ཚུལ་བསྟན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཏོན་པའི་ལུགས་མཐུན་གྱི་གྲོས་གཞི་ཐག་གཅོད་བྱེད་ཐབས་དང་ལེན་བྱས་ཡོད་མོད། ཡིན་ནའང་ངོ་རྒོལ་ཕྱོགས་ཁག་གིས་སྲིད་གཞུང་ལ་གྲོས་མོལ་བྱེད་རྩིས་མེད་ཟེར།

    ཀྲིན་ཀྲུའུ་ཏང་གིས་དྲག་ཆས་མི་སྣ་མངགས་ཏེ་སི་རི་ཡའི་དམག་འཁྲུག་ལ་ཞུགས་པའི་གནད་དོན་སྐོར་གླེང་སྐབས། ན་སི་ལུའུ་ལ་ཡིས་བཤད་རྒྱུར། སི་རི་ཡ་ནི་ཀྲིན་ཀྲུའུ་ཏང་གི་སྒལ་ཚིགས་ལྟ་བུ་ཡིན་ལ། གལ་ཏེ་སྒལ་ཚིགས་གཏོར་ན། ཀྲིན་ཀྲུའུ་ཏང་རང་དགར་འདུག་མི་སྲིད་ཟེར། ཁོས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་སི་རི་ཡ་ནས་རང་གི་དབུས་ཤར་འཆར་གཞི་གསར་བ་ལག་བསྟར་བྱེད་རྩིས་འདུག་ཅེས་བཤད།

    ཉིས་སྟོང་ལོའི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། དབྱི་སི་རལ་གྱི་དམག་དཔུང་ལེ་པ་ནོན་གྱི་ལྷོ་ཕྱོགས་ས་ཁུལ་མང་ཤོས་ནས་ཕྱིར་འཐེན་བྱས་པ་དང་། ལེ་པ་ནོན་གྱིས་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ནི་འགོག་རྒོལ་དང་བཅིངས་འགྲོལ་ཉིན་མོར་གཏན་ཁེལ་བྱས་ཏེ། ལོ་རེ་བཞིན་དྲན་གསོའི་བྱ་འགུལ་སྤེལ་བཞིན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག