མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབྲེལ་ཡོད་ཕྱོགས་སོ་སོས་ཁྲའོ་ཞན་གྱིས་ཡང་བསྐྱར་ཕྱོགས་དྲུག་གི་གྲོས་མོལ་ལ་ཞུགས་འདོད་པའི་རྣམ་འགྱུར་བསྟན་པར་དོ་སྣང་བྱས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱིས་ཉེ་སྔོན་ཕྱོགས་དྲུག་གི་གྲོས་མོལ་སོགས་གྲོས་མོལ་སྣ་ཚོགས་བརྒྱུད་དེ་འབྲེལ་ཡོད་གནད་དོན་འོས་འཚམ་སྒོས་ཐག་བཅད་ནས། ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པའི་ཚུལ་བསྟན་པས། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཁྲའོ་ཞན་གྱི་རྣམ་འགྱུར་དེར་དོ་སྣང་ཆེན་པོ་བྱས།

    ཨུ་རུ་སིས་ཁྲའོ་ཞན་གྱིས་ཁྲའོ་ཞན་གནད་དོན་གྱི་ཕྱོགས་དྲུག་གི་གྲོས་མོལ་ཞུགས་འདོད་པའི་རྣམ་འགྱུར་བསྟན་པར་གདེང་འཇོག་བཟང་བོ་བྱས། ཨུ་རུ་སིའི་ཁྲའོ་ཞན་གནད་དོན་གྱི་སྐོར་སྐྱོད་ཕོ་ཉ་ལོ་ཀི་ཝེ་ནོ་ཧྥུའུ་ཡིས་བཤད་རྒྱུར། ཁྲའོ་ཞན་གྱིས་ཡང་བསྐྱར་གྲོས་མོལ་བྱེད་འདོད་པའི་རྣམ་འགྱུར་བསྟན་པ་དེ་ནི་འགྱུར་ལྡོག་བཟང་བོ་ཞིག་ཡིན་པས་དྲང་ཕྱོགས་ནས་གདེང་འཇོག་བྱེད་འོས། ཨུ་རུ་སིས་ཕྱོགས་དྲུག་གི་གྲོས་མོལ་གྱི་ཕྱོགས་གཞན་པ་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ། ཆབ་སྲིད་གསལ་སྒྲོག་དེ་བྱ་སྤྱོད་དངོས་སུ་བསྒྱུར་རྒྱུ་ཡིན་ཟེར།

    ཧན་གོའི་སྲིད་འཛིན་ཏང་རྒྱལ་ཁབ་གསར་བའི་ཏང་གིས་ཚེས་ཉེར་ལྔ་ཉིན་གསར་འགྱུར་སྤྱི་བསྒྲགས་ཤིག་སྤེལ་ཏེ། ཕྱོགས་དྲུག་གི་གྲོས་མོལ་ནི་ཧ་ཅང་དགོས་མཁོ་ཆེ་མོད། ཡིན་ནའང་ཕྱོགས་དྲུག་གི་གྲོས་མོལ་གྱི་སྔོན་ལ། ཁྲའོ་ཞན་གྱིས་ཉིང་རྡུལ་འཆར་གཞི་འདོར་དགོས་ཞེས་བཤད། ཧན་གོའི་གསར་འགྱུར་ལས་ཁུངས་དག་གིས་ཡོངས་ཁྱབ་ཏུ་ཁྲའོ་ཞན་གྱིས་གྲོས་མོལ་བྱེད་འདོད་པའི་ལངས་ཕྱོགས་དེར་གཟེངས་བསྟོད་བྱེད་དགོས་པར་འདོད་ཡོད།

    འཇར་པན་ནེ་ཀྲིའི་དཔོན་པོས་བཤད་རྒྱུར། གལ་ཏེ་ཁྲའོ་ཞན་ཕྱོགས་ཀྱིས་ཕྱོགས་སོ་སོར་གྲོས་མོལ་བྱེད་འདོད་ཡོད་པ་དེ་བདེན་པ་ཡིན་ན། དེ་ནི་བྱ་བ་བཟང་བོ་ཞིག་ཡིན་པས། འཇར་པན་གྱིས་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། འཇར་པན་གྱིས་དུས་ནམ་ཡང་ཁྲའོ་ཞན་ལ་གྲོས་མོལ་བྱེད་པའི་སྒོ་ཕྱེ་ཡོད་མོད། ཡིན་ནའང་གྲོས་མོལ་གྱི་ཆ་རྐྱེན་ནི། ཁྲའོ་ཞན་གྱིས་ཐོག་མར་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་བྱེད་ཐབས་ཞིབ་ཅིང་ཕྲ་བ་སྤྱོད་རྒྱུ་དེ་ཡིན་ཟེར།

    ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཝུན་ཐི་ལེ་ཨར་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་ནི་ཁྲའོ་ཞན་གྱི་ཕྱི་འབྲེལ་འཕེལ་རིམ་ཡོད་ཚད་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པར་འདོད་ཡོད། ཁྲའོ་ཞན་གྱིས་རང་གིས་ཇི་ལྟར་བསྒྲུབ་དགོས་པ་ཤེས་ཡོད་དེ། དེ་ནི་རྒྱལ་སྤྱིའི་འོས་འགན་བརྩི་སྲུང་བྱེད་པའི་གནད་དོན་ཐད་ནས་རང་གི་འདོད་བློ་ནན་མོར་མཚོན་རྒྱུ་དེ་ཡིན་ཟེར།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཁྲའོ་ཞན་དབང་འཛིན་ལས་ཁུངས་ཀྱིས་རྣམ་འགྱུར་བཟང་བོ་དེ་བསྟན་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁྲའོ་ཞན་དབང་འཛིན་ལས་ཁུངས་ཀྱིས་རྣམ་འགྱུར་བཟང་བོ་དེ་བསྟན་རྗེས་འབྲེལ་ཡོད་ཕྱོགས་སོ་སོར་གྲོས་མོལ་བྱེད་རྒྱུའི་རེ་བ་བཅངས་ཡོད་ལ། ཁོས་ད་དུང་ཀྲུང་གོས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ཡར་སྐུལ་གྱི་ནུས་པ་བཏོན་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།

    ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་གྱི་ཕོ་ཉ། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚོས་ལུང་ཧེ་ཡིས་ཉེ་སྔོན་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཁྲའོ་ཞན་གྱིས་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་དྲུག་གི་གྲོས་མོལ་སོགས་གྲོས་མོལ་སྣ་ཚོགས་བརྒྱུད་ནས་འབྲེལ་ཡོད་གནད་དོན་ཐག་བཅད་དེ། ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པ་དང་། ཁྲའོ་ཞན་གྱིས་དེའི་ཐད་དུ་བྱེད་ཐབས་བཟང་བོ་སྤྱོད་རྒྱུ་ཡིན་ཞེས་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག