མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་གཞུང་ཚབ་ཆེན་མོས་ཆབ་སྲིད་ཀྱི་ལམ་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་འདོད་པའི་རྒྱལ་སྤྱིའི་འབད་བརྩོན་ཡོད་ཚད་ལ་དགས་བསུ་ཞུ་བ་ཡིན་ཞེས་བཤད་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་དུ་སྡོད་པའི་སི་རི་ཡའི་གཞུང་ཚབ་ཆེན་མོ་ཨ་ལེ་ཡིས་ཚེས་ཉེར་ལྔ་ཉིན་པེ་རུ་ཐི་ནས་བཤད་རྒྱུར། སི་རི་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སི་རི་ཡའི་དམག་འཁྲུག་མཇུག་རྫོགས་པར་བྱེད་པ་དང་ཆབ་སྲིད་ཀྱི་ལམ་ནས་ཉམས་ཉེན་ཐག་གཅོད་པའི་འབད་བརྩོན་ཡོད་ཚད་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་བ་ཡིན་ཟེར།

    ཨ་ལེ་ཡིས་ལེ་པ་ནོན་གྱི་སྔོན་ཆད་ཀྱི་ཙུང་ལི་ཧུའུ་སི་ལ་ཐུག་འཕྲད་བྱས་རྗེས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། སི་རི་ཡས་ཨུ་རུ་སི་སོགས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འགན་འཁུར་བའི་ལས་འཛིན་རྒྱལ་ཁབ་དང་། ས་ཁུལ་དང་རྒྱལ་ཁབ་ཁ་ཤས་ཀྱིས་སི་རི་ཡའི་གནད་དོན་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་བསྡུ་བར་འབད་བརྩོན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། རྒྱལ་ཁབ་དེ་དག་ལ་རང་གི་འཆར་གཞི་དང་དམིགས་ཡུལ་ཡོད་ནའང་། སི་རི་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་འཁྲུག་མཇུག་རྫོགས་པར་བྱེད་པའི་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་ཆེད་སྤེལ་བའི་འགུལ་སྐྱོད་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་བ་ཡིན་ཟེར།

    ཨ་ལེ་ཡིས་ནན་གྱིས་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་གིས་ཉམས་ཉེན་བྱུང་མ་ཐག་ནས་བཟུང་རྒྱལ་ཡོངས་སུ་གྲོས་མོལ་བྱེད་པའི་འདོད་བློ་བཅངས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། སི་རི་ཡའི་རྒྱལ་ཡོངས་གྲོས་མོལ་སྤེལ་བ་དང་ཆབ་སྲིད་ཀྱི་ལམ་ནས་གནད་དོན་ཐག་གཅོད་པར་ཕན་པའི་རྒྱལ་སྤྱིའི་འབད་བརྩོན་ཐམས་ཅད་ལ་དགའ་བསུ་ཞུ་བཞིན་ཡོད་ཟེར། ཡིན་ནའང་ཁོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དང་། ས་ཁུལ་དང་རྒྱལ་ཁབ་ཁ་ཤས་ཀྱི་གསང་འཕྲིན་ལས་ཁུངས་ཀྱིས་དྲག་ཆས་མི་སྣར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་བཞིན་པར་མ་ཟད། དྲག་ཆས་མི་སྣ་དེ་དག་སི་རི་ཡར་མངགས་བཞིན་པས། རྒྱལ་ཁབ་དེ་དག་གིས་དོན་ངོ་མས་སི་རི་ཡའི་ནུས་པ་དང་གོ་གནས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་བ་དང་ཡང་ན་རང་གི་ཁེ་ཕན་ལ་དམིགས་པར་ང་ཚོ་དོགས་པ་ཟ་བཞིན་ཡོད་ཅེས་བཤད།

    ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཟླ་འདིའི་ཚེས་བདུན་ཉིན་མོ་སི་ཁོ་ནས་ཐུག་འཕྲད་བྱེད་སྐབས་སྐོར་གསར་བའི་སི་རི་ཡའི་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་འདུ་བསྡུས་ཏེ་སི་རི་ཡའི་རྒྱལ་ནང་གི་དམག་འཁྲུག་མྱུར་དུ་མཚམས་འཇོག་པའི་ཐབས་ཤེས་འཚོལ་རྒྱུའི་གྲོས་གཞི་བཏོན་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞི་ཉིན་སི་རི་ཡའི་སྲིད་གཞུང་རྒྱལ་སྤྱིའི་ཚོགས་འདུ་དེར་ཞུགས་པར་འཐད་པ་བྱུང་ཡོད་ཅེས་བསྟན་ནའང་། སི་རི་ཡའི་སྲིད་གཞུང་གིས་གནས་ཚུལ་དེར་བདེན་དཔང་མ་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག