མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་སྲིད་གཞུང་གིས་སྐོར་གཡེང་ལས་འགན་སྒྲུབ་པའི་དམག་མི་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཝ་ཨར་སི་དང་རྒྱལ་སྲུང་པུའུ་ཀྲང་ལེ་ཏི་ལིས་ཨང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ནས། འཇིགས་སྐུལ་པས་ཉིན་དེར་ཕ་རེ་སི་ནས་འཇིགས་སྐུལ་ངོ་རྒོལ་སྐོར་གཡེང་ལས་འགན་སྒྲུབ་བཞིན་པའི་དམག་མི་ཞིག་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་།

    སྤྱི་བསྒྲགས་ནང་དུ། ཝ་ཨར་སི་དང་ལེ་ཏི་ལིས་ཨང་གཉིས་ཀྱིས་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་ཡོད་ལ། སྤྱི་བསྒྲགས་ནང་དུ་སྐབས་དེར་ལོ་ཉེར་གསུམ་ཅན་གྱི་དམག་མི་དེས་འཇིགས་སྐུལ་ངོ་རྒོལ་གྱི་ལས་འགན་སྒྲུབ་བཞིན་ཡོད་ལ། སྟབས་ལེགས་པ་ཞིག་ལ་དམག་མི་དེའི་ཚེ་སྲོག་ལ་ཉེན་ཁ་མེད་པ་དང་། སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བཤད་ཡོད།

    ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་ཕྱི་དྲོར་ཕ་རེ་སི་གྲོང་ཁྱེར་ནུབ་བྱང་ཕྱོགས་ཀྱི་ལ་ཏི་ཧྥང་སི་ཚོང་ལས་ས་ཁུལ་ནས། མཚོ་ཇག་དོགས་ཟོན་འཆར་གཞི་ཞེས་པའི་དོགས་ཟོན་སྐོར་གཡེང་ལས་འགན་སྒྲུབ་བཞིན་པའི་དམག་མི་ཞིག་གི་སྐེ་ལ་སྐྱེས་པ་ཞིག་གིས་གྲིས་གཙགས་མོད། ཡིན་ནའང་དམག་མི་དེའི་ཚེ་སྲོག་ལ་ཉེན་ཁ་མ་བྱུང་ཟེར།

    བསྒྲགས་པའི་གནས་ཚུལ་ལྟར་ན། སྐབས་དེར་སྐོར་གཡེང་ལས་འགན་སྒྲུབ་བཞིན་པའི་དམིག་མི་དེས་དམག་ལྭ་གོན་ཡོད་པ་དང་། འཇབ་རྒོལ་ནི་ས་འོག་འགྲིམ་འགྲུལ་མ་ལག་དང་ཚོང་ཁང་ཡོད་སའི་བར་དུ་བྱུང་ལ། འཇབ་རྒོལ་བྱེད་མཁན་གྱི་སྐྱེས་པ་དེ་བྲོལ་བྱོལ་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་གནས་དེའི་བརྙན་གཟུགས་ལ་བལྟས་ཏེ་སྐྱེས་པ་དེ་བཙལ་བཞིན་ཡོད་ཟེར།

    ཨ་ཧྥེ་རི་ཁར་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་ཀྱང་གསར་འགྱུར་ལས་ཁུངས་ལ་དོན་རྐྱེན་དེ་བྱུང་བ་བདེན་དཔང་བྱས་པ་དང་། ཁོས་རྨས་ཕོག་པའི་དམག་མི་དེ་སྔ་མོ་ནས་ལུས་ཕུང་སླར་གསོ་འབྱུང་བའི་སྨོན་འདུན་ཞུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག