མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་ཤར་ལྷོའི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཝུན་ལེ་ནས་ཚོགས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-25 12:01

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཚེས24ཉིན་ཝུན་ལེ་ཡི་རྒྱལ་ས་སི་ལི་པཱ་ཅཱ་ཝན་ནས་ཚོགས་པ་དང་། གྲོས་ཚོགས་ནས་གཙོ་བོ་ཨེ་ཤ་ཡཱ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་གྲོས་བསྡུར་བྱས། མཐོ་རིམ་གྲོས་ཚོགས་དེ་བཙུགས་ནས་ལོ་ངོ་བརྒྱད་འགོར་བའི་རིང་ལ། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་གྱི་བཟོད་སྒོམ་དང་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པར་འདོད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་། ཀྲུང་གོ། འཇར་པན། ཧན་གོ། རྒྱ་གར། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན། ཨ་མེ་རི་ཁ། ཨུ་རུ་སི་བཅས་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བཅོ་བརྒྱད་ཀྱི་མཐོ་རིམ་དཔོན་པོ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལ་ཞུགས་པའི་མཐོ་རིམ་དཔོན་པོ་ཚོས་བལྟས་ན་མཐོ་རིམ་གྲོས་ཚོགས་ཀྱིས་མགོ་ཁྲིད་པས་སྣེ་ཁྲིད་པའི་འཐབ་ཇུས་གླེང་སྟེགས་ཀྱི་གཤིས་ལུགས་རྒྱུན་འཁྱོངས་བྱས་ཤིང་། དངུལ་ལོར་དང་སློབ་གསོ། གནོད་འཚེའི་དོ་དམ། དྲ་འབྲེལ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ཞོར་དུ་ཆབ་སྲིད་བདེ་འཇགས་ཁྱབ་ཁོངས་ཀྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ནས་ཐུན་མོང་གི་ངོས་ཟིན་རྒྱ་བསྐྱེད་དེ། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ནས་ས་ཁུལ་གྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་པར་འདོད།

དེ་ལས་གཞན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ས་གནས་གླེང་སྟེགས་ཀྱི་མཐོ་རིམ་དཔོན་པོའི་ཚོགས་འདུ་ཡང་དུས་མཉམ་དུ་སྤེལ་བ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་། ཀྲུང་གོ། ཨ་མེ་རི་ཁ། ཨུ་རུ་སི། རྒྱ་གར། འཇར་པན། ཧན་གོ་སོགས་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མཐོ་རིམ་དཔོན་པོ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་གླེང་སྟེགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་བཏོན་པའི་གནོད་སེལ་རྒུད་སྐྱོབ་དང་མཚོ་ཐོག་བདེ་འཇགས། དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་འདོན་གསར་བ་བཅུ་གཉིས་ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་། གྲོས་ཚོགས་ནས་བལྟས་ན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དུ་ཤུགས་རྐྱེན་ཆེ་བའི་དཔོན་ཕྱོགས་ཀྱི་བདེ་འཇགས་མཉམ་ལས་སྟེགས་བུ་ཞིག་ཡིན་པའི་ཆ་ནས། གླེང་སྟེགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་རིང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། བདེ་འཇགས་མཉམ་ལས་ལ་ཡར་སྐུལ་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་བཏོན་ཡོད་པར་འདོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག