མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲིར་གྱི་སློབ་མ་དང་དམག་དཔོན་བཅུ་ཕྲག་འགའ་བཙན་ཁྲིད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲིར་ནང་སྲིད་དང་སྤྱི་བདེ། ས་གནས་དབང་ཤུགས་དང་ཆོས་ལུགས་ལས་དོན་པུའུ་ཀྲང་ལཱ་པའོ་ཡིས་སྤྱི་ཟླ5བའི་ཚེས23ཉིན་བཤད་རྒྱུར། ནེ་ཀྲིར་བྱང་ཕྱོགས་ཀྱི་ཨ་ཅཱ་ཏི་ཚི་དམག་སྒར་གྱི་སློབ་མ་དང་དམག་དཔོན་བཅུ་ཕྲག་འགའ་ཉིན་དེར་འཇབ་རྒོལ་མཁན་གྱིས་མི་གཏའ་རུ་བཟུང་ནས་བཙན་ཁྲིད་བྱས་ཟེར།

ལཱ་པའོ་ཡིས་ས་དེའི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་སྐོར་ཞིག་གིས་སྦྱོང་བརྡར་བྱེད་བཞིན་པའི་སློབ་མ་དང་དམག་དཔོན་བཅུ་ཕྲག་འགའ་བཙན་ཁྲིད་བྱས་ཏེ་ཨ་ཅཱ་ཏི་ཚི་དམག་སྒར་གྱི་ཐོག་ཁང་ཞིག་ཏུ་བཅུག་ཡོད་པ་དང་། དམག་ཕྱོགས་ཀྱིས་ཐོག་ཁང་དེ་བཀག་སྡོམ་བྱས་པར་མ་ཟད་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་མི་གཏའ་སྐྱོབ་བཞིན་ཡོད་ཟེར།

ཚེས23ཉིན་གྱི་དུས་ཚོད5དང་སྐར་མ30ཡི་ཡས་མས་སུ། ཨ་ཅཱ་ཏི་ཚི་དམག་སྒར་ལ་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ནེ་ཀྲིར་གྱི་དམག་མི20དང་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི16ལ་རྨས་ཕོག དེ་ནས་དུས་ཚོད་ཕྱེད་ཙམ་འགོར་རྗེས་བྱང་ཕྱོགས་ཀྱི་ཨར་ལེ་ཐི་ས་ཁུལ་དུ། ཧྥ་རན་སིའི་ཉིང་རྡུལ་ནུས་པའི་ཁེ་ལས་གཙོ་བོ་ཨ་ཧེ་ཆིས་སྡེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་གཏེར་ཁུལ་ཞིག་ལ་འཇབ་རྒོལ་ཐེབས་ཏེ། རང་སྲོག་གཅོད་པའི་འཇབ་རྒོལ་མཁན2ཤི་བ་དང་། མི་སེར་དཀྱུས་མ14ལ་རྨས་ཕོག

མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ཨ་ཧྥེ་རི་ཁ་ནུབ་མའི་འཐབ་མཆོག་གཅིག་གྱུར་འགུལ་སྐྱོད་ཀྱིས་ཉིན་དེར་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁྱབ་སྒྲོག་བྱས་པ་དང་། དེའི་དམིགས་ཡུལ་ནི་ཧྥ་རན་སི་དང་ནེ་ཀྲིར་རྒྱལ་ཁབ་གཉིས་མཱ་ལིའི་བྱང་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་ནང་ཞུགས་པར་འཁོན་ལན་སློག་པའི་ཆེད་དུ་ཡིན་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་ནེ་ཀྲིར་རྒྱལ་ཁབ་མཱ་ལིའི་བྱང་ཕྱོགས་ས་ཁུལ་ཕྱིར་ལེན་པའི་དམག་དོན་འགུལ་སྐྱོད་ནང་ཞུགས་རྗེས་ཐོག་དང་པོར་དབྱི་སི་ལན་རྩ་འཛུགས་ཀྱི་འཁོན་ལན་རང་བཞིན་གྱི་འཇབ་རྒོལ་ཐེབས་པ་རེད།

ནེ་ཀྲིར་སྲིད་གཞུང་གིས་ཚེས23ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་ཉིན་གསུམ་གྱི་རིང་རྒྱལ་ཡོངས་ཀྱི་མྱ་ངན་བྱ་འགུལ་སྤེལ་ཏེ། འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མང་ཚོགས་ལ་མྱ་ངན་ཞུ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག