མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ནེ་ཀྲིར་གྱི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ5བའི་ཚེས23ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ཏེ། ནེ་ཀྲིར་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

གསལ་སྒྲོག་ནང་བཤད་རྒྱུར། ཕན་ཅི་བུན་གྱིས་ཉིན་དེར་ནེ་ཀྲིར་བྱང་ངོས་ཀྱི་ཨར་ལེ་ཐི་དང་ཨ་ཅཱ་ཏི་ཚི་ནས་བྱུང་བའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། གནོད་ཐེབས་མཁན་གྱི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནེ་ཀྲིར་སྲིད་གཞུང་དང་སཱ་ཧི་ལེ་ས་ཁུལ་གྱི་རྒྱལ་ཁབ་གཞན་པས་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་དཔ་འབྱོར་ཐུན་མོང་ཚོགས་པ། ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་བཅས་ཀྱི་བར་མཉམ་ལས་ཟབ་མོ་བྱས་ཏེ། འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སཱ་ཧི་ལེ་དང་ཉེ་འཁོར་ས་ཁུལ་གྱི་བརྟན་འཇགས་ཐད་ཀྱི་འཇིགས་སྐུལ་ཚབས་ཆེན་དེ་རིགས་ཐག་གཅོད་དགོས་ཟེར།

ནེ་ཀྲིར་རྒྱལ་སྲུང་པུའུ་ཀྲང་མུའུ་ཧན་མའོ་ཏུའུ་ཡིས་ཚེས23ཉིན་བཤད་རྒྱུར། ཉིན་དེའི་ཞོགས་པར་ནེ་ཀྲིར་བྱང་ངོས་ཀྱི་དམག་སྒར་ཞིག་དང་གཏེར་ཁུལ་ཞིག་ཏུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ་དང་། མི30ལྷག་ལ་རྨས་ཕོག མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ཨ་ཧྥེ་རི་ཁ་ནུབ་མའི་འཐབ་མཆོག་གཅིག་གྱུར་འགུལ་སྐྱོད་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག