མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ཡིས་ཨ་མན་དུ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མན་གྱི་མགོ་གཙོ་ཁཱ་པུའུ་སི་ཡིས་སྤྱི་ཟླ5བའི་ཚེས22ཉིན་རྒྱལ་ས་མཱ་སི་ཁཱ་ཐི་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་དེང་སྐབས་ཀྱི་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཁི་ལི་ཉིན་དེའི་ཉིན་གུང་མཱ་སི་ཁཱ་ཐི་རུ་འབྱོར་ཏེ་ཨ་མན་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་ཁི་ལི་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་མཚོ་ཁུགས་རྒྱལ་ཁབ་ལ་འཚམས་འདྲིར་ཡོང་བ་རེད།

ཨ་མན་ནི་ཁི་ལིའི་ཐེངས་འདིའི་ཀྲུང་ཏུང་དང་ཨ་ཧྥེ་རི་ཁའི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་ཡིན་པ་དང་། ཚེས22ཉིན་ཁོ་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་སོང་ནས་སི་རི་ཡཱའི་མཛའ་མཐུན་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། ཚེས23ཉིན་དང་ཚེས24ཉིན་ཁི་ལི་ཡིས་སྔ་གཞུག་ཏུ་དབྱི་སི་ལ་དང་ཕཱ་ལེ་སི་ཐན་ལ་འཚམས་འདྲི་བྱེད་རྒྱུ་ཡིན་ལ། དམིགས་ཡུལ་ནི་མཚམས་བཞག་ནས་དུས་ཡུན་རིང་བོ་འགོར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་ཆེད་དུ་རེད། ཁི་ལི་དེའི་རྗེས་སུ་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་རུ་སོང་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཐོག་མའི་རྩ་འཛུགས་ཏེ་ཨ་ཧྥེ་རི་ཁ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ནས་ལོ་འཁོར50ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་ཞུགས་རྒྱུ་རེད། ཚེས26ཉིན་ཁོ་རང་ཅོར་ཏན་དུ་སོང་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པ་དང་། ཚེས27ཉིན་ཕྱིར་ཨ་མེ་རི་ཁར་ལོག་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག