མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་དུ་དྲག་ཆས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི54རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་སྤྱི་ཟླ5བའི་ཚེས21ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་ནས་འདས་པའི་ཉིན་གཉིས་ཀྱི་ནང་དྲག་ཆས་འཁྲུག་རྩོད་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི54རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཉེན་རྟོག་པ10དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན44ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ས་གནས་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པར་ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉེན་རྟོག་པ6རྐྱེན་ལམ་དུ་ཤོར། གཞན་ཡང་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས20ཡི་ཉིན་གྱི་ཞོགས་པར་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ས་ཚིགས་དེའི་ཉེན་རྟོག་པའི་བར་འཁྲུག་རྩོད་དྲག་པོ་བྱུང་། ཕྱོགས་གཉིས་ཀྱིས་ཚེས21ཉིན་གྱི་ཞོགས་པའི་བར་འཁྲུག་རྩོད་རྒྱུན་བསྲིངས་པ་དང་། བསྡོམས་པས་ཉེན་རྟོག་པ4དང་དྲག་ཆས་ཉེས་ཅན26ལམ་དུ་ཤོར། གཞན་ཡང་ཉེན་རྟོག་པ5ལ་རྨས་ཕོག ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཧི་ཨར་མན་ཞིང་ཆེན་གྱི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་ཡོད་ཟེར།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་འདས་པའི་ཉིན་གཉིས་ཀྱི་ནང་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་ཡོངས་སུ་གཙང་བཤེར་བྱ་འགུལ་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན18བསད་པ་དང་། དྲག་ཆས་ཉེས་ཅན22འཛིན་བཟུང་བྱས་ཟེར་ཡང་། གསལ་སྒྲོག་ལས་སྲིད་གཞུང་དམག་དཔུང་གི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག