མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱ་ནས་གང་མགྱོགས་སྒོས་འཁྲུག་རྩོད་མཚམས་འཇོག་པ་དང་གྲོས་མོལ་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སྤྱི་ཟླ5བའི་ཚེས22ཉིན་མའོ་སི་ཁི་ནས་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་རྒྱུན་ལས་ཕྱི་འབྲེལ་བློན་ཆེན་གཞོན་པ་མུས་ཀི་ཏཱ་ཏི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། སི་རི་ཡཱའི་མིག་སྔའི་གནས་བབ་ལ་གཞིགས་ཏེ། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་དེར་གང་མགྱོགས་སྒོས་འཁྲུག་རྩོད་མཚམས་འཇོག་པ་དང་གྲོས་མོལ་མགོ་རྩོམ་པར་འགན་སྲུང་བྱེད་དགོས་ཟེར།

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གཙོ་བོ་སི་རི་ཡཱའི་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་བའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་ཐེངས་འདིའི་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན་པའི་དམིགས་ཡུལ་ནི་སི་རི་ཡཱའི་མི་དམངས་ལ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མི་ཐེབས་པའི་གནས་ཚུལ་འོག་རང་བདག་གིས་རྒྱལ་ཁབ་ཀྱི་མ་འོངས་འཕེལ་རྒྱས་ལ་འཆར་འགོད་བྱེད་དུ་འཇུག་པའི་ཆེད་དུ་ཡིན་ཟེར། ཁོས་སི་རི་ཡཱའི་སྲིད་གཞུང་གིས་གྲོས་གཞི་དེའི་ཐད་ཀྱི་རྣམ་འགྱུར་བཟང་བོར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། གྲོས་གཞི་དེ་ལ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་རྒྱབ་སྐྱོར་ཐོབ་ཐུབ་པར་རེ་བ་བྱས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། འབྲེལ་ཡོད་རྒྱལ་ཁབ་ཀྱིས་དྲག་ཤུགས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་འདོད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་གནོན་ཤུགས་བྱིན་ནས། སི་རི་ཡཱའི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར། ཁོས་སི་རི་ཡཱའི་སྲིད་གཞུང་གིས་ཆབ་སྲིད་ལ་བརྟེན་ནས་རྒྱལ་ཁབ་རང་གི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག