མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་དང་ལིས་ཞན་ལུང་གིས་གྲོས་མོལ་བྱས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་འཚམས་འདྲིར་ཡོང་བའི་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་སྤྱི་ཟླ5བའི་ཚེས22ཉིན་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་དང་བདེ་འཇགས་འགན་སྲུང་། མི་སྣའི་བརྗེ་རེས་བཅས་ཀྱི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཨན་པའེ་ཅིན་སན་གྱིས་ལིས་ཞན་ལུང་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་པའི་ཐད་ནས་སིང་ག་ཕོར་ནི་མཉམ་ལས་བྱས་ཆོག་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། འཇར་པན་གྱིས་ཡིད་རྟོན་རུང་བའི་གྲོགས་པོ་ཡིན། འཇར་པན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ། མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་འབད་འབུངས་བྱེད་འདོད་ཡོད་ཟེར།

ལིས་ཞན་ལུང་གིས་བཤད་རྒྱུར། སིང་ག་ཕོར་རྒྱལ་ཁབ་ཀྱིས་ཕྱིན་ཆད་ཁྱབ་ཁོངས་མང་བོ་ནས་འཇར་པན་བར་གྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་ལིས་ཞན་ལུང་ལ་འཇར་པན་གྱིས་ལག་བསྟར་བྱེད་བཞིན་པའི་དཔལ་འབྱོར་དར་སྤེལ་སྲིད་ཇུས་མཚམས་སྦྱོར་བྱས་པར་མ་ཟད། སིང་ག་ཕོར་གྱིས་འཇར་པན་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ལ་ཞུགས་པའི་གནད་དོན་ཐད་ནས་མཉམ་ལས་བྱེད་རྒྱུའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག