མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཁྲའོ་ཞན་གྱིས་ཐུང་འཕེན་འཕུར་མདའ་གསུམ་འཕངས་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:38

     ཧན་གོའི་འཕྲིན་གཏོང་ཁང་གིས་ཟླ5བའི་ཚེས18ཉིན་དཔོན་ཕྱོགས་མི་སྣའི་སྐད་ཆ་དྲངས་པ་ལྟར་ན། ཁྲའོ་ཞན་གྱིས་ཉིན་དེར་ཐུང་འཕེན་འཕུར་མདའ་གསུམ་འཕངས་ཟེར་མོད། ཁྲའོ་ཞན་ཕྱོགས་ཀྱིས་དེའི་ཐད་ནས་གཏམ་བཤད་ཅི་ཡང་མ་སྤེལ། 2012ལོའི་ཟླ11པའི་ཚེས23ཉིན་བླངས་པའི་འཁོར་སྐར་པར་རིས་འདིས་ཁྲའོ་ཞན་གྱི་ནུབ་མཚོ་འཁོར་སྐར་གཏོང་འཕེན་ར་བ་མཚོན་ཡོད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧན་གོའི་རྒྱལ་སྲུང་པུའུ་ཡིས་བཤད་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས19ཉིན་ཐུང་འཕེན་འཕུར་མདའ་གསུམ་འཕངས་པ་དང་། འཕུར་མདའ་དེ་དག་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་ལ་འཕངས་ཟེར།

    ཧན་གོའི་རྒྱལ་སྲུང་པུའུ་དབྱེ་ཞིབ་ཞིབ་འཇུག་ཁང་གིས་ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་སྙན་ཞུ་ཞིག་ལ་བལྟས་རྗེས། ཧན་གོའི་ཁྲའོ་ཞན་གྱི་འཕུར་མདའི་ནུས་པར་མཐོང་ཆུང་བྱས་འདུག་པ་དང་། ཁྲའོ་ཞན་ལ་འཕུར་མདའ་འཕེན་སྤྱད་ཀྱི་སྒྲོམ་གཞི་ཉིས་བརྒྱ་ཡོད་ངེས་ཞེས་བཤད།

    ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཉིན་དེར་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་ལ་ཐུང་འཕེན་འཕུར་མདའ་གསུམ་འཕངས་པ་དང་། འཕུར་མདའ་གཉིས་སྔ་དྲོར་འཕངས་ལ། གཅིག་ཕྱི་དྲོར་འཕངས་ཟེར།

    མིང་བཤད་མི་འདོད་པའི་ཧན་གོའི་དཔོན་རིགས་ཤིག་གིས་ཧན་གོའི་འཕྲིན་གཏོང་ཁང་གི་གསར་འགོད་པར་བཤད་རྒྱུར། ཁྲའོ་ཞན་གྱིས་འཕངས་པའི་འཕུར་མདའ་ནི་ལེགས་བཅོས་བྱས་རྗེས་ཀྱི་གྲུ་འགོག་འཕུར་མདའ་དང་ཡང་ན་ས་ཐོག་ནས་ས་ཐོག་ལ་འཕེན་པའིKN-02འཕུར་མདའ་ཡིན་སྲིད་ཟེར།

    KN-02འཕུར་མདའ་ནི་སུའུ་ལེན་གྱིས་ལས་པའིSS-21ཐུང་འཕེན་འཕུར་མདའི་རྨང་གཞིའི་སྟེང་ལེགས་བཅོས་བྱས་ཏེ་བྱུང་བའི་སྲ་གཟུགས་འབར་རྫས་རང་བཞིན་གྱི་སྤོ་སྒུལ་འཕུར་མདའ་ཡིན་ལ། ཆེས་རིང་བའི་འཕེན་ཚད་སྤྱི་ལེ་བརྒྱ་དང་ཉི་ཤུ་རེད།

    ཧན་གོའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཧན་གོས་ཁྲའོ་ཞན་གྱི་བྱ་འགུལ་ལ་བལྟ་ཞིབ་བྱེད་པར་ཤུགས་བསྣན་ཡོད་ལ། རིམ་པ་མཐོ་བའི་གྲ་སྒྲིག་བྱེད་ཐབས་སྤྱད་དེ། འབྱུང་སྲིད་པའི་ཉེན་ཁར་ཁ་གཏད་འཇལ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

    ཉིན་དེའི་དགོང་མོའི་བར་དུ། ཁྲའོ་ཞན་ཕྱོགས་ཀྱིས་ཧན་གོའི་བཤད་ཚུལ་དེར་ལན་ཅི་ཡང་མ་བཏབ།

    ཧན་གོ་དང་ཨ་མེ་རི་ཁས་ད་ལོའི་ཟླ་གསུམ་དང་ཟླ་བཞི་བར་གཞི་ཁྱོན་ཆེ་བའི་མཉམ་འབྲེལ་དམག་སྦྱོང་བྱས་པ་དང་། དེའི་སྐབས་སུ་ཨ་མེ་རི་ཁས་ཉིང་རྡུལ་མཚོན་ཆ་དྲུད་ཆོག་པའི་སྔོན་ཐོན་སྒྲིག་ཆས་མང་བོ་དམག་སྦྱོང་བྱེད་སར་བསྐྱལ། ཁྲའོ་ཞན་ཕྱོགས་ཀྱིས་ཧན་གོ་དང་ཨ་མེ་རི་ཁའི་དམག་སྦྱོང་ནི་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད་པ་དང་། དམག་སྦྱོང་དེས་ཁྲའོ་ཞན་ལ་མངོན་གསལ་དུ་འཇིགས་སྣང་བསླངས་པ་རེད་ཅེས་བཤད་དེ། ཨ་མེ་རི་ཁའི་དམག་དོན་རྟེན་གཞི་དང་ཐ་ན་ཨ་མེ་རི་ཁའི་མངའ་ཁོངས་ལ་ངོ་རྒོལ་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་འཇིགས་སྣང་བསླངས།

    ཡིན་ནའང་དམག་སྦྱོང་མཇུག་རྫོགས་པ་དང་བསྟུན་ནས། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཅུང་བདེ་ལ་བབས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག