མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི5རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ཕྱུག་ལོས་བསྒྱུར།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:37

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སི་རི་ཡའི་རྒྱལ་ས་ཏ་མ་སི་ཁོའི་ལུའུ་ཁིན་ཏེན་ས་ཁུལ་ནས་ཚེས18ཉིན་གྱི་དགོང་མོར་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག

    སི་རི་ཡའི་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེ་ནི་རླངས་འཁོར་གྱི་ཞབས་ལ་བཞག་པའི་འགད་རྫས་ཆེན་པོ་ཞིག་འགས་གཏོར་བཏང་བ་ལས་བྱུང་བ་དང་། སྐབས་དེར་བདེ་འཇགས་དམག་དཔུང་གིས་ཉེ་འདབས་ཀྱི་ས་གཞན་པ་ཞིག་ཏུ་འགད་རྫས་ཤིག་གཏོར་བཞིན་ཡོད་པས། ས་དེའི་ལམ་བཀག་ཡོད་ཟེར།

    འགས་གཏོར་དེ་ནི་ཉིན་དེར་ཏ་མ་སི་ཁོ་ནས་བྱུང་བའི་འགད་རྫས་འགས་གཏོར་དོན་རྐྱེན་ཐེངས་གསུམ་པ་རེད། སྤྱི་ཁྱབ་ལས་ཁུངས་དབྱིན་ཇིའི་ལོན་ཏོན་ན་ཡོད་པའི་སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། ཉིན་དེའི་སྔ་མོར། འགད་རྫས་ཤིག་ཏ་མ་སི་ཁོའི་འདབས་ཀྱི་ཀུའུ་ཐ་ཤར་མ་ས་ཁུལ་ནས་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་ཟེར། གཞན་ཡང་གནས་ཚུལ་མཐོང་མཁན་གྱིས་བཤད་པ་ལྟར་ན། ལྕགས་རྟའི་སྟེང་དུ་བཞག་པའི་འགད་རྫས་ཤིག་ཏ་མ་སི་ཁོའི་ཏུའུ་ཝེ་ལ་ས་ཁུལ་དུ་ཡོད་པའི་སི་རི་ཡའི་བདེ་འཇགས་ལས་ཁུངས་ཀྱི་རླངས་འཁོར་ཞིག་གི་ཉེ་འདབས་ནས་འགས་གཏོར་བྱུང་སྟེ། བདེ་འཇགས་མི་སྣ་གསུམ་དང་བཅས་པའི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

    དེས་མི་ཚད་སི་རི་ཡའི་ཧྲ་མུའུ་རླུང་འཕྲིན་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་མེ་ཁི་ཏ་ཏི་ཡི་ལོ་བརྒྱད་ཅུར་བུད་པའི་ཨ་ཕ་སི་རི་ཡའི་ལྷོ་ཕྱོགས་ཀྱི་ཏི་ལ་ཞིང་ཆེན་དུ་ཡོད་པའི་རང་ཁྱིམ་ནས་དྲག་ཆས་མི་སྣ་སྐོར་ཞིག་གིས་བཙན་ཁྲིད་བྱས་ཟེར།

    སི་རི་ཡའི་ཉམས་ཉེན་བྱུང་ནས་ལོ་གསུམ་འགོར་བ་དང་། སི་རི་ཡའི་རྒྱལ་ནང་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་གྱུར་ཞིང་། འགས་གཏོར་འཇབ་རྒོལ་དང་བཙན་ཁྲིད་དོན་རྐྱེན་རྒྱུན་མ་ཆད་པར་འབྱུང་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཉུང་མཐར་ཡང་མི་ཁྲི་བདུན་སི་རི་ཡའི་རྒྱལ་ནང་གི་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག