མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་དྲག་ཆས་རྩ་འཛུགས་ཀྱི་མགོ་གཙོས་མིའི་དོན་སྙིང་རློན་པ་ཟོས།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:37

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་སྔོན་བསྒྲགས་པའི་བརྙན་རིས་ཤིག་ལས་སི་རི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཤིག་གི་མགོ་གཙོ་ཨ་པུའུ•སཱ་ཁ་ཨར་གྱིས་ཤི་ཟིན་པའི་སྲིད་གཞུང་དམག་མི་ཞིག་གི་དོན་སྙིང་རློན་པ་ཟ་བཞིན་པའི་སྣང་ཚུལ་མངོན་ལ། ཚེས17ཉིན་ཨ་པུའུ•སཱ་པ་ཨར་ཡང་བསྐྱར་བརྙན་རིས་ཤིག་གི་སྟེང་མངོན་པ་དང་། ཁོས་བྱ་སྤྱོད་དེར་འགན་ཁུར་རྒྱུ་ཡིན་ཞེས་བཤད་ཡོད།

    སཱ་ཁ་ཨར་ནི་སི་རི་ཡའི་དབུས་ཕྱོགས་ཀྱི་ཧོ་མུའུ་སི་ཞིང་ཆེན་ཧྥ་ལུའུ་ཁི་དམག་དཔུང་གི་མགོ་གཙོ་ཡིན་ལ། ཚེས་བཅུ་བདུན་ཉིན་བསྟན་པའི་བརྙས་རིས་ནང་དུ། ཁོས་རང་གི་བྱ་སྤྱོད་ཀྱི་ཆེད་དུ་འདྲི་གཅོད་དང་ལེན་བྱེད་རྒྱུ་ཡིན་ལ། དེའི་སྔོན་འགྲོའི་ཆ་རྐྱེན་ནི་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་དང་སྲིད་གཞུང་དམག་གིས་དམག་འཁྲུག་གི་ནག་ཉེས་ཀྱི་ཆེད་དུ་ཁོ་དང་མཉམ་དུ་འདྲི་གཅོད་དང་ལེན་བྱེད་རྒྱུ་དེ་ཡིན་ཞེས་བཤད་ཡོད།

    སཱ་ཁ་ཨར་གྱིས་ངས་འཛམ་གླིང་ཡོངས་ལ་གལ་ཏེ་སི་རི་ཡའི་འཁྲུག་རྩོད་མཚམས་མ་བཞག་ན། སི་རི་ཡའི་མི་ཐམས་ཅད་ང་ཨ་པུའུ•སཱ་ཁ་ཨར་ལྟ་བུར་འགྱུར་སྲིད་པའི་བརྡ་བཏང་བ་ཡིན་ཞེས་བཤད་ཡོད།

    ཁོའི་བཤད་ཚུལ་ལྟར་ན། སྲིད་གཞུང་དམག་མི་དེའི་དོན་སྙིང་རློན་པ་ཟས་པའི་རྒྱུ་རྐྱེན་ནི་ཁོས་སྲིད་གཞུང་དམག་མི་དེའི་ལག་ཁྱེར་ཁ་པར་ལས་བརྙན་ཕབ་བྱས་པའི་བརྙན་གཟུགས་འགའ་མཐོང་ལ། དེའི་ནང་དུ་དམག་མི་དེས་བུད་མེད་ལ་བཙན་གཡེམ་བྱས་པ་དང་། བེམ་པོ་བསྲེགས་པ། བཟུང་དམག་གི་རྐང་ལག་བཅད་པ་སོགས་ཀྱི་ནག་ཉེས་བསགས་ཡོད་པའི་རྐྱེན་ཡིན་ཟེར།

    དོན་སྙིང་ཟ་བའི་བརྙན་རིས་དེ་བསྟན་རྗེས། སི་རི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཙོ་བོ་སི་རི་ཡའི་རང་དབང་དམག་གིས་ཚེས་བཅོ་ལྔ་ཉིན་དོན་རྐྱེན་དེར་རྩད་གཅོད་བྱས་ནས་བདེན་པ་ཡིན་ཚེ། དོན་རྐྱེན་དེ་དང་འབྲེལ་བའི་དྲག་ཆས་མི་སྣར་ཁྲིམས་ཆད་གཅོད་རྒྱུ་ཡིན་ཞེས་བཤད། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་ཚོགས་པ་གཙོ་བོ་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མཉམ་འབྲེལ་ཞེས་པ་དེས་ཀྱང་དོན་རྐྱེན་དེ་སློང་མཁན་ཁྲིམས་ཁང་ལ་སྐྱེལ་རྒྱུ་ཡིན་པའི་དམ་བཅས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག