མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་བདེ་འཇགས་གནས་བབ་མུ་མཐུད་ཇེ་སྡུག་ཏུ་གྱུར་བ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:37

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་གསར་འགྱུར་དྲ་བས་ཚེས18ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས17ཉིན་དབྱི་རག་གི་ས་ཆ་མང་བོ་ནས་བསྟུད་མར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བདུན་ཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་ཙམ་ལ་རྨས་ཕོག་རྗེས། ཚེས18ཉིན་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་མོ་སུའུ་ཨར་ནས་ཡང་འགས་གཏོར་དོན་རྐྱེན་བྱུང་བ་དང་། ལས་འགན་སྒྲུབ་བཞིན་པའི་ཉེན་རྟོག་སྐོར་གཡེང་རུ་ཁག་ཅིག་ལ་ཉིན་དེའི་ཉིན་གུང་ལམ་འགྲམ་དུ་སྦས་པའི་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག དེས་མི་ཚད་དབྱི་རག་ནུབ་བྱང་ཕྱོགས་ཀྱི་ཨན་པ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལ་མཱ་ཏིས་ནུབ་ཕྱོགས་ནས། ས་དེའི་དྲག་ཆས་མི་སྣ་དང་བདེ་འཇགས་དམག་དཔུང་བར་འཐབ་འཁྲུག་དྲག་པོ་བྱུང་ཞིང་། དབྱི་རག་ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན་ཕལ་ཆེར་དམག་མི་བཅུ་ཙམ་བཙན་ཁྲིད་བྱས་ཟེར། དབྱི་རག་གི་རྒྱལ་ས་པ་ཀི་ཏ་དང་ཐག་མི་རིང་བའི་ཧྥེ་ལུའུ་ཅེ་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཤིག་ནས་ཀྱང་དྲག་ཆས་མི་སྣ་དང་ཉེན་རྟོག་པའི་བར་འཐབ་འཁྲུག་བྱུང་སྟེ། ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

    ཚེས17ཉིན། དབྱི་རག་གི་ཤར་ཕྱོགས་གྲོང་ཁྱེར་པ་ཀུའུ་པད་དང་། རྒྱལ་ས་པ་ཀི་ཏ་སོགས་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་མང་བོ་བྱུང་། དབྱི་རག་ཞོགས་པའི་ཚགས་པར་སྟེང་ཚེས་བཅོ་བརྒྱད་ཉིན་བཀོད་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་དེ་དག་གི་ཁྲོད་བསྡོམས་པས་མི་དོན་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་ཙམ་ལ་རྨས་ཕོག་ཅིང་། དེ་ནི་དབྱི་རག་གི་ཆེས་གདུག་རྩུབ་ཆེ་ཞིང་ཆེས་མུན་ནག་གི་ཉིན་ཞིག་རེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མི་མ་ཏེན་ཁི་པུའུ་ལེ་ཡིས་གསལ་བསྒྲགས་སྤེལ་ནས། དབྱི་རག་གི་མགོ་ཁྲིད་པས་མྱུར་དུ་ཆབ་སྲིད་གྲོས་མོལ་བྱས་ཏེ། བྱེད་ཐབས་དངོས་སྤྱད་ནས་ཁྲག་དྲི་འཐུལ་བའི་དྲག་ཤུགས་དོན་རྐྱེན་བཀག་འགོག་བྱེད་པ་དང་། མི་སེར་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱས་ནས། དབྱི་རག་སྔར་ལས་ཉེན་ཁ་ཆེ་བའི་གནས་སུ་ལྷུང་དུ་འཇུག་མི་རུང་བའི་འབོད་སྐུལ་བཏང་།

    ཨེ་ཅིབ་གཏོར་དབྱིབས་མཆོད་རྟེན་ཞིབ་འཇུག་ལྟེ་གནས་ཀྱི་དབྱི་རག་གནད་དོན་གྱི་ཆེད་མཁས་དབྱི་སཱ་མུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉེ་ལམ་དབྱི་རག་གི་བདེ་འཇགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་གྱུར་པ་འདིས་རྒྱལ་ཁབ་དེར་གཏིང་ཟབ་པའི་གནད་དོན་དང་མཐུན་སྦྱོར་བྱེད་དཀའ་བའི་འགལ་བ་སྣ་ཚོགས་ཡོད་པ་སྟེ། ཆབ་སྲིད་དོ་མི་མཉམ་པ་དང་བདེ་འཇགས་བྲལ་བ། སྤྱི་ཚོགས་ལ་གོ་རིམ་མེད་པ་སོགས་མཚོན་ཡོད། ད་ལྟ་གྲུབ་མཐའ་མི་འདྲ་བའི་བར་གྱི་ཁེ་ཕན་གྱི་འགྲན་རྩོད་ཧ་ཅང་དྲག་པོ་ཡིན་ལ། ཆབ་སྲིད་སྟོབས་ཤུགས་མི་འདྲ་བའི་བར་གྱི་འཁྲུག་རྩོད་རྒྱུན་ཆད་མེད་པར་ཚབས་ཇེ་ཆེ་རེད། དེ་དང་མཉམ་དུ་དབྱི་རག་གི་ཀྲུང་དབྱང་དང་ས་གནས་བར་གྱི་འགལ་བ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་བ་སོགས་ལ་ཉེན་ཁ་དང་འགྲན་རྩོད་ཚབས་ཆེན་ཐེབས་ཡོད་ཟེར།

    ཨ་རབ་པའི་གསར་འགྱུར་དྲ་བའི་སྟེང་ཚེས་བཅོ་བརྒྱད་རྩོམ་ཡིག་ཅིག་བཀོད་དེ། བསྟུད་མར་བྱུང་བའི་རང་སྲོག་བཅད་པའི་འགས་གཏོར་དོན་རྐྱེན་དང་། མཚམས་མ་ཆད་པའི་དྲག་ཆས་འཁྲུག་རྩོད་དང་བཙན་ཁྲིད་དོན་རྐྱེན་གྱིས་དབྱི་རག་མི་དམངས་སྔར་ལས་ཚབས་ཆེ་བའི་མངོན་ལྐོག་གཉིས་ཀྱི་ཆག་འཇིགས་བསླངས། འདི་དག་ཡོད་ཚད་ཨ་མེ་རི་ཁས་དབྱི་རག་གི་དམག་འཁྲུག་བསླངས་པའི་མཇུག་འབྲས་ཡིན་ཏེ། དམག་འཁྲུག་གིས་སཱ་ཏ་མུའུ་སྲིད་དབང་བཙན་གྱིས་རྩ་རྫོགས་བྱས་པ་མ་ཟད། སྙིང་རྗེ་མེད་པར་དབྱི་རག་གི་ཅུང་ཙམ་དོ་མཉམ་དང་བརྟན་བརླིང་ཡིན་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པར་གཏོར་བརླགས་བྱས་པ་དང་། སྔོན་ཆད་ཚོད་འཛིན་བྱས་ཡོད་པའི་འགལ་བ་དེ་ཕྱིར་མངོན་དུ་བཅུག་པས། རྫོགས་རྒྱུ་མེད་པའི་ཟིང་འཁྲུག་གི་སྐྱོ་གར་འདི་བྱུང་བ་རེད་ཅེས་བཤད་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག