ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུར་ཀ་རི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས16ཉིན་འདེམ་བསྐོའི་འདེམ་ཤོག་ཐོ་འགོད་བྱས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། པུར་ཀ་རི་ཡཱའི་དབུས་གཡས་ཕྱོགས་སྲིད་ཏང་ཡོ་རོབ་གླིང་འཕེལ་རྒྱས་སྤྱི་དམངས་ཏང་ལ་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་ལྔའི་འདེམ་ཤོག་ཐོབ་པ་དང་། གྲོས་ཁང་གི་ལས་གནས་གོ་བདུན་ཐོབ་སྟེ། ཐེངས་འདིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཟེར།
ཡོ་རོབ་གླིང་འཕེལ་རྒྱས་སྤྱི་དམངས་ཏང་གི་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་མ་བྱས་གོང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཏང་ཁག་དེའི་མགོ་ཁྲིད་པ་པའོ་ལི་སོ་ཧྥུའུ་ཡིས་བསྟན་དོན། ཡོ་རོབ་གླིང་འཕེལ་རྒྱས་སྤྱི་དམངས་ཏང་གིས་ཚེས་བཅུ་བདུན་དང་ཡང་ན་ཚེས་བཅོ་བརྒྱད་ཉིན་འདེམ་བསྐོའི་ཁྲིམས་མཐུན་རང་བཞིན་གྱི་ཐད་ནས་པུར་ཀ་རི་ཡཱའི་མཐོ་རིམ་རྩ་ཁྲིམས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར། པའོ་ལི་སོ་ཧྥུའུ་ཡིས་བཤད་རྒྱུར། འདེམ་བསྐོའི་སྔ་ཉིན་ཁྲིམས་འགལ་གྱི་གནད་དོན་མང་བོ་བྱུང་བས། གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་དགོས་པའི་རེ་བ་བཏོན། ཡིན་ན་ཡང་པུར་ཀ་རི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེ་ཏཱ་ལོ་ཝ་ཡིས་ཉིན་དེར་བསྟན་དོན། གྲོས་ཁང་གི་འདེམ་བསྐོའི་སྔ་ཉིན་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་གང་ཡང་བྱུང་མེད་ཟེར།
པུར་ཀ་རི་ཡཱའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཁྲུའུ་ཡིས་ཚེས16ཉིན་བཤད་རྒྱུར། ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་ཡིས་ཚེས17ཉིན་གྲོས་ཁང་གི་སྲིད་ཏང་དང་མནའ་འབྲེལ་གྱི་མགོ་ཁྲིད་པར་གྲོས་མོལ་བྱས་ཏེ། སྐབས་གསར་བའི་གྲོས་ཁང་གི་གྲོས་ཚོགས་ཐོག་མ་བསྡུ་བའི་དུས་ཚོད་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།།