ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ཡིས་སྤྱི་ཟླ5བའི་ཚེས16ཉིན་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་དང་དེ་མིན་ཀྲུང་ཏུང་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་མོལ་བྱས།
གྲོས་མོལ་བྱས་རྗེས་སྤེལ་བའི་གསལ་སྒྲོག་ནང་མུའུ་ཨར་ཞི་དང་ཨ་པཱ་སི་གཉིས་ཀྱིས་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་སོགས་བཙན་བཟུང་བྱས་པའི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ནས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱས་པར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་བྱེད་ཐབས་སྤྱད་དེ་དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་ལ་བཀག་འགོག་བྱས་ནས། ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། །