མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་དབྱི་ལིང་སོགས་རྒྱལ་ཁབ་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་སུ་འཇུག་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-17 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སྤྱི་ཟླ5བའི་ཚེས16ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་དང་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་གྲ་སྒྲིག་བྱེད་བཞིན་པའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་སུ་འཇུག་དགོས་པའི་རེ་བ་འདོན་བཞིན་ཡོད་ལ། དེ་ལྟར་བྱས་ན་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་པ་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་འདོད་ན། ངེས་པར་དུ་སི་རི་ཡཱའི་གནད་དོན་ལ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་གཙོ་བོ་དག་གདན་འདྲེན་བྱས་ཏེ་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་དགོས་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ས་མཚམས་ཀྱི་ཆབ་སྲིད་ལྟ་ཚུལ་སོགས་བསྐྱུར་ནས་ན་ནིང་སྤྱི་ཟླ6པའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཀྱི་ཚོགས་ཞུགས་ཕྱོགས་ཁག་གི་མིང་ཐོ་གཞིར་བཟུང་སྟེ། དབྱི་ལིང་དང་སོ་ཏི་ཨ་རབ་སོགས་སི་རི་ཡཱ་ཁྱིམ་མཚེས་རྒྱལ་ཁབ་གྲོས་ཚོགས་སུ་ཞུགས་པར་གདན་འདྲེན་ཞུ་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་གཅིག་གྱུར་གྱི་སྟོབས་ཤུགས་གྲུབ་མེད་པས་ཁོ་ཚོས་ད་རུང་གྲོས་མོལ་བྱས་ཏེ་ཚོགས་ཞུགས་འཐུས་མི་གཏན་འབེབས་བྱེད་དགོས་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། སི་རི་ཡཱའི་གནད་དོན་ཐད་ནས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་སི་རི་ཡཱའི་བདག་དབང་ལ་བརྩི་འཇོག་དང་དེའི་མངའ་ཁོངས་ཆ་ཚང་ཡོང་བ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག