ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་པ་ཧྥ་ལི་ཡ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་གིས་སྤྱི་ཟླ5བའི་ཚེས14ཉིན་ཁྲིམས་གཅོད་བྱེད་འགོ་བཙུགས་ནས། མུ་མཐུད་འཇར་མན་གྱི་གཡས་ཐལ་སྒྲིག་འཛུགས་ཏེ་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་གསང་བའི་ཏང་གི་ཁོངས་མིས་སྤེལ་བའི་ལྐོག་གསོད་གྱོད་གཞི་རབ་དང་རིམ་པར་འདྲི་གཅོད་བྱས་པ་རེད། དེ་ནི་ཁྲིམས་ཁང་དེས་སྤྱི་ཟླ5བའི་ཚེས6ཉིན་ཐེངས་དང་པོར་ཁྲིམས་གཅོད་འགོ་བཙུགས་རྗེས་གྱོད་གཞི་དེར་འདྲི་གཅོད་བྱེད་ཐེངས་གཉིས་པ་ཡིན་པ་རེད།
འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་དཔོན་ཏི་མོས་ཁྲིམས་རའི་ཐོག་ཞུ་གཏུགས་ཡི་གེ་ཤོག་ལྷེ35སྒྲོག་སྦྱངས་བྱས་པ་དང་། རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་གསང་བའི་ཏང་གི་ཁོངས་མི་གཙོ་བོ། ད་ལྟ་ལོ38ལ་སླེབས་པའི་པེ་ཡ་ཐེ་ཆེ་ཕེས་ཕྱི་རྒྱལ་གྱི་གནས་སྤོས་ཡུལ་མི་དགུ་དང་འཇར་མན་གྱི་བུད་མེད་ཉེན་རྟོག་པ་གཅིག་ལ་དམིགས་པའི་ལྐོག་གསོད་གྱོད་གཞི་དང་། མེ་རྒྱབ་པའི་གྱོད་གཞི་གཉིས། མཚོན་ཆ་འཁྱེར་ནས་བཙན་འཕྲོག་བྱེད་པའི་གྱོད་གཞི15བཅས་ཀྱི་ནང་ཞུགས་པའི་ཞུ་གཏུགས་བྱས་ཡོད། ཁྲིམས་ཁང་གིས་དུས་མཚུངས་སུ་དེ་མིན་མི་བཞི་ལོ་མང་རིང་ཁྲིམས་འགལ་སྒྲིག་འཛུགས་དེར་རྒྱབ་སྐྱོར་བྱས་པའི་ཞུ་གཏུགས་བྱས་ཡོད། དེའི་ནང་སྒྲིག་འཛུགས་དེའི་ཁོངས་མིར་ལག་ཁྱེར་དང་། རླངས་འཁོར། མཚོན་ཆ་སོགས་མཁོ་འདོན་བྱས་པ་ཚུད་ཡོད། ས་གནས་དེ་གའི་སྨྱན་སྦྱོར་ལས་རིགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། གལ་ཏེ་ཉེས་མིང་གཏན་འཁེལ་ཚེ། གྱོད་ཡ་ཆེ་ཕེ་ཚེ་གང་བཙོན་འཇུག་བྱེད་པའི་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་རེད། །