མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཱ་ལི་ལ་ཡོ་རོབ་གླིང་གི་སྒོར་མོ་ཐེར་འབུམ3.25ཡི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལི་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་སྤྱི་ཟླ5བའི་ཚེས15ཉིན་པི་ལི་ཧྲིའི་པུའུ་ལུའུ་སེར་ནས་བསྡུས། ཡོ་རོབ་གླིང་མནའ་འབྲེལ་སོགས་འབྲེལ་ཡོད་ཕྱོགས་ཀྱིས་མཱ་ལི་རྒྱལ་ཁབ་ལ་ཡོ་རོབ་གླིང་གི་སྒོར་མོ་ཐེར་འབུམ3དང་དུང་ཕྱུར2བྱེ་བ5ཡི་ཡི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱས་ཏེ། མཱ་ལིའི་བསྐྱར་འཛུགས་ཐད་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས།

ཐེངས་འདིའི་གྲོས་ཚོགས་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། མཱ་ལི་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ཞིང་། དེའི་བརྗོད་སྙིང་ནི་ཡོད་ཚད་མཱ་ལི་གསར་བའི་ཆེད་དུ་ཡིན་ཞེས་པ་དེ་ཡིན། གྲོས་ཚོགས་གྲོལ་རྗེས་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་མཱ་ལི་སྲིད་གཞུང་གིས་བཏོན་པའི་རྒྱུན་མཐུད་སླར་གསོའི་འཆར་གཞིའི་ནང་བཀོད་པའི་རོགས་སྐྱོར་ཁས་ལེན་སྣ་ཚོགས་རྨང་གཞིར་བྱས་པ་རེད། རྒྱུན་མཐུད་སླར་གསོའི་འཆར་གཞིའི་སྤྱིའི་སྔོན་རྩིས་མ་དངུལ་ནི་ཡོ་རོབ་གླིང་གི་སྒོར་མོ་ཐེར་འབུམ4.34ལྷག་ཡིན་པ་དང་། གསལ་སྒྲོག་ལས་རོགས་སྐྱོར་མ་དངུལ་མ་གཏོགས་པའི་མ་དངུལ་གཞན་པ་ཇི་ལྟར་བསྡུ་བའི་གནད་དོན་གླེང་མེད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དེ་རིང་ནི་མཱ་ལིའི་དཔལ་འབྱོར་དང་སྤྱི་ཚོགས། དམངས་གཙོ་བཅས་ཀྱི་བསྐྱར་དར་ལ་མཚོན་ན་གལ་འགངས་ཆེ་བའི་ཉིན་ཞིག་ཡིན་པ་དང་། མཱ་ལིའི་མི་དམངས་ཀྱི་མཐུན་སྒྲིལ་དེ་སཱ་ཧཱ་ལཱ་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་གལ་འགངས་ཧ་ཅང་ཆེ་ཟེར།

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་བཤད་རྒྱུར། མཱ་ལི་རྒྱལ་ཁབ་བསྐྱར་དར་གྱི་ལམ་དུ་བསྐྱོད་བཞིན་ཡོད་པ་དང་། སྤྱི་ཟླ7པའི་འདེམ་བསྐོའི་བྱ་འགུལ་ལ་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཐེངས་འདིའི་རྒྱལ་སྤྱིའི་རོགས་སྐྱོར་གྲོས་ཚོགས་ཀྱིས་མཱ་ལི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རོགས་རམ་བྱེད་ཐུབ་ཟེར།

མཱ་ལིའི་བར་བརྒལ་ཙུང་ཐུང་ཐི་ལཱ་ཨོ་ལོས་ཀྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་གྱིས་མཱ་ལིའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བསྐྱར་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་ཐུབ་པ་དང་། མཱ་ལིའི་བདེ་འཇགས་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཆབ་སྲིད་སྒྲིག་ལམ་སླར་གསོ་བྱེད་པར་ཕན་པ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག