མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་བྱང་ཕྱོགས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བརྒྱ་ཙམ་ལ་ཤི་རྨས་བཟོས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས11ཉིན་བཤད་པ་ལྟར་ན། དབྱི་རག་བྱང་ཕྱོགས་ཀྱི་ས་ལ་ཧི་ཏེན་ཞིང་ཆེན་ནས་ཉིན་དེར་རང་སྲོག་བློས་བཏང་གིས་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཙམ་རྨས་ལ། རྨས་མ་མི་ཉུང་བ་ཞིག་བྱིས་པ་རེད་ཟེར།

    ས་ལ་ཧི་ཏེན་ཞིང་ཆེན་གྱི་ཉེན་རྟོག་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་ནི་པ་ཀི་ཏ་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་དང་བརྒྱད་ཅུ་ཡོད་པའི་ཧྲེར་ཅ་ཐི་གྲོང་བརྡལ་ནས་བྱུང་ལ། གྲོང་བརྡལ་དེ་ཉི་ཉི་ཝེ་ཞིང་ཆེན་དང་ཐག་ཉེ། སྐབས་དེར་འགད་རྫས་གང་དྲུད་པའི་སྣུམ་འདྲུད་རླངས་འཁོར་ཞིག་ཉི་ཉི་ཝེ་ཞིང་ཆེན་དམག་ཕྱོགས་འགུལ་སྐྱོད་བཀོད་འདོམས་པུའུ་གསང་འཕྲིན་སྡེ་ཁག་གི་འགན་འཁུར་པ་དབྱི་སི་མ་དབྱི་ཀྲུའུ་པུའུ་ལེ་ཡི་ཧྲེར་ཅ་ཐི་གྲོང་བརྡལ་དུ་ཡོད་པའི་ཁང་བའི་ཉེ་འདབས་ནས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་ལ། དེའི་ནང་གི་མི་གཉིས་ནི་ཀྲུའུ་པུའུ་ལེ་ཡི་བུ་ཡིན་པ་དང་། ཀྲུའུ་པུའུ་ལེ་རང་ཉིད་སྐབས་དེར་ཁང་བའི་ནང་དུ་མེད་པས་སྲོག་ཉེན་ལས་ཐར་ཟེར།

    འགས་གཏོར་གྱི་ཤུགས་ཧ་ཅང་ཆེ་བས། ཉེ་འདབས་ཀྱི་མང་ཚོགས་ཀྱི་ཁང་བ་ཁ་ཤས་དང་སློབ་ཆུང་ཞིག་ལ་ཡང་གཏོར་བརླགས་ཐེབས། རྨས་མ་མི་ཉུང་བ་ཞིག་ནི་སྐབས་དེར་སློབ་གྲྭ་རུ་ཡོད་པའི་སློབ་མ་རེད།

    ད་སྔ་རྩ་འཛུགས་དང་མི་གཅིག་གིས་ཀྱང་འགས་གཏོར་དོན་རྐྱེན་དེ་བཟོས་པ་བསྒྲགས་མེད།

    ཉེ་ལམ། དབྱི་རག་ཏུ་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་ཐེངས་འགའ་བྱུང་བ་དང་། ཧྲི་ཡེ་ཕྱོགས་ཁག་དང་ཞུང་ཉི་ཕྱོགས་ཁག་གི་གྲུབ་མཐའི་འགལ་བ་ཡང་ཇེ་ཆེར་སོང་བས། བདེ་འཇགས་ཀྱི་གནས་བབ་ཅུང་སྡུག མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་ཟླ་འདིའི་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཟླ་བཞི་བར་དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་བདུན་བརྒྱ་དང་བཅུ་གཉིས་ལ་བུད་པ་དང་། མི་སྟོང་གཅིག་དང་དྲུག་བརྒྱ་སོ་གསུམ་ལ་རྨས་ཕོག་ཟེར། དེ་ནི་ཉིས་སྟོང་བརྒྱད་ལོའི་ཟླ་དྲུག་པའི་ཚུན་གྱི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཆེས་མང་བའི་ཟླ་ཞིག་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག