མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པ་ནོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་ཡུལ་གྱར་བའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་རྒྱུའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་གྱི་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་མཱེ་ཁ་ཐེ་ཡིས་ཚེས11ཉིན་པེ་རུ་ཐི་ནས་ལེ་པ་ནོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་ཡུལ་གྱར་བའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་རྒྱུའི་རེ་བ་དྲག་པོ་བཏོན་པ་ཡིན་ཞེས་བཤད།

    ལེ་པ་ནོན་གྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། མཱེ་ཁ་ཐེ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ཧྲུའུ་ཡི་ལེ་པ་ནོན་དུ་སྡོད་པའི་འཐུས་མི་ཁའེ་ལེ་ལ་ཐུག་འཕྲད་བྱེད་སྐབས། སི་རི་ཡའི་ཡུལ་གྱར་བའི་གནད་དོན་དེ་ལེ་པ་ནོན་སྲིད་གཞུང་གི་གནད་དོན་གཙོ་བོར་གྱུར་ཡོད་ལ། དེའི་རྒྱུ་མཚན་ནི་གནད་དོན་དེས་ལེ་པ་ནོན་ལ་ཆབ་སྲིད་དང་སྤྱི་ཚོགས། འཕྲོད་བསྟེན། བདེ་འཇགས་སོགས་ཕྱོགས་མང་བོ་ནས་གནོད་སྐྱེལ་བཞིན་ཡོད་པའི་རྐྱེན་ཡིན་ཞེས་བཤད་ཟེར།

    མཱེ་ཁ་ཐེ་ཡིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་ནས་དམ་མང་བོ་བཅས་མྱོང་ནའང་། ལེ་པ་ནོན་སྲིད་གཞུང་ལ་ད་བར་དུ་རོགས་སྐྱོར་ཉུང་ངུ་མ་གཏོགས་ཐོབ་མེད། སི་རི་ཡའི་ཡུལ་གྱར་བ་སྔར་ལས་མང་བོ་ལེ་པ་ནོན་ལ་ཡོང་བར་བསྟུན་ནས། ལེ་པ་ནོན་སྲིད་གཞུང་ལ་ཁུར་བོ་ལྗིད་མོ་དེ་འཁུར་བའི་ནུས་པ་མེད་པར་གྱུར་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ལེ་པ་ནོན་ལ་རོགས་རམ་བྱས་ཏེ། ལེ་པ་ནོན་ལ་ཡོང་བའི་སི་རི་ཡའི་ཡུལ་གྱར་བ་མང་བོ་སྐྱོབ་དགོས་ཟེར།

    མཱེ་ཁ་ཐེ་ཡིས་ཡང་བསྐྱར་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་དེ་སི་རི་ཡའི་གནད་དོན་ཐག་གཅོད་དགོས་པའི་འབོད་སྐུལ་བཏོན། ཁོས་གལ་ཏེ་སི་རི་ཡའི་འགལ་བ་ཞི་བའི་སྒོ་ནས་ཐག་གཅོད་མ་ཐུབ་ན། སི་རི་ཡའི་ཡུལ་གྱར་བའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་ཐབས་བྲལ་ཞེས་བཤད།

    མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ཧྲུའུ་ཡིས་ཚེས་བཞི་ཉིན་པེ་རུ་ཐི་ནས་སྤེལ་བའི་སྙན་ཞུ་ལྟར་ན། ད་སྔ་ལེ་པ་ནོན་ལ་བྲོས་བྱོལ་དུ་སོང་ནས་ཡུལ་གྱར་བའི་ཐོབ་ཐང་ལེན་པའི་སི་རི་ཡའི་མི་འབུམ་བཞི་དང་ཁྲི་ལྔ་སྟོང་གསུམ་ཡོད་ཟེར། གཞན་ཡང་ལེ་པ་ནོན་ལྟ་སྲུང་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་མན་སུའུ་ཨར་གྱིས་ཉེ་སྔོན་བཤད་རྒྱུར། ལེ་པ་ནོན་དུ་ཡོད་པའི་སི་རི་ཡའི་ཡུལ་གྱར་བའི་གྲངས་ཀ་ངོ་མ་དེ་ས་ཡ་གཅིག་ལས་བརྒལ་ཡོད་པ་དང་། དེས་ལེ་པ་ནོན་རྒྱལ་ཡོངས་མི་གྲངས་ཀྱི་བཞི་ཆའི་གཅིག་ཟིན་ཡོད་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག