མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་དང་ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་ཆོད་ལ་གྲོས་སྡུར་བྱས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་པུའུ་ཀྲང་ལཱ་སུའུ་ཨར་གྱིས་ཚེས11ཉིན་རྒྱལ་ས་ཁ་པུའུ་ཨར་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཝེ་ལེན་པོ་ཨིན་སི་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ«ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གྲོས་ཆོད»དང་འབྲེལ་བའི་གནད་དོན་སྐོར་ནས་གྲོས་མོལ་བྱས།

    གྲོས་མོལ་གྱི་རྗེས་སུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཇི་ལྟར་ལག་བསྟར་བྱེད་པའི་སྐོར་གཙོར་བཟུང་ནས་གྲོས་མོལ་བྱས་ཏེ། ཨ་ཧྥུའུ་ཧན་བདེ་འཇགས་དང་དམངས་གཙོ། དར་རྒྱས་ཀྱི་བདག་དབང་རྒྱལ་ཁབ་ཅིག་ཏུ་འགྱུར་བར་ཁག་ཐེག་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་དུང་རྒྱལ་ཁབ་གཉིས་བར་གྱི་ཡུན་རིང་གི་མཉམ་ལས་འབྲེལ་བར་ཇི་ལྟར་ཤུགས་སྣོན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

    «ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲོས་ཆོད»ནི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་དང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་གཉིས་ཀྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བར་ཁ་པུའུ་ཨར་ནས་བཀོད་པ་རེད། གྲོས་ཆོད་འདི་མྱུར་དུ་ལག་བསྟར་བྱེད་ཆེད། ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁས་ན་ནིང་གི་ཟླ་བཅུ་གཅིག་པ་ནས་བཟུང་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་ཆོད་ཐད་ནས་གྲོས་མོལ་བྱས་ཏེ། གྲོས་ཆོད་གསར་བ་བཀོད་ནས་སྔོན་ཆད་ཀྱི་བཅའ་སྡོད་དམག་གི་གོ་གནས་གྲོས་ཆོད་ཀྱི་ཚབ་བྱས། གྲོས་ཆོད་དེ་ལས་ཉིས་སྟོང་བཅུ་བཞི་ལོར་བྱང་ཆིངས་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཨ་ཧྥུའུ་ཧན་ནས་འདུག་པའི་ཨ་མེ་རི་ཁའི་དམག་མིའི་གྲངས་ཀ་སོགས་ཀྱི་གནད་དོན་གཏན་ཁེལ་བྱེད་རྒྱུ་རེད། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཉེ་སྔོན་གྲོས་ཆོད་དེ་འགོད་པར་དུས་ཚོད་གཏན་ཁེལ་བྱས་མེད་ཅེས་བཤད་མྱོང་།

    ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་ཡིས་ཚེས་དགུ་ཉིན་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པུའུ་ཨར་སོགས་གྲོང་ཁྱེར་དགུ་རུ་དམག་དོན་རྟེན་གཞི་གསར་དུ་འཛུགས་པ་དང་ཡང་ན་སོར་འཇོག་བྱེད་འདོད་ཡོད་ཅེས་བཤད་མྱོང་མོད། ཕོ་བྲང་དཀར་བོ་ཕྱོགས་ཀྱིས་བཤད་ཚུལ་དེ་ཁས་མ་བླངས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག