མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་མ་ལག་ནང་ཞུགས་པ་ཁས་ལེན་བྱས་མེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས10ཉིན་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཨ་མེ་རི་ཁའི་འགྲུལ་བཞུད་མཇུག་སྒྲིལ་ནས་ཕྱིར་ཧན་གོར་ལོག ཧན་གོ་དང་ཨ་མེ་རི་ཁའི་མགོ་གཙོས་གྲོས་མོལ་བྱས་རྗེས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཕེའོ་ཅིན་ཧོས་དང་མཉམ་དུ་ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཕུར་མདའི་འགོག་སྲུང་མ་ལག་ཐད་མ་དངུལ་གཏོང་བ་སོགས་ལས་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བར་བརྗོད། གསར་འགྱུར་ལས་རིགས་མང་བོས་དབྱེ་ཞིབ་བྱས་ཏེ་ཨོ་པཱ་མཱ་ཡི་གཏམ་བཤད་དེ་ལས་ཧན་གོ་ཨ་མེ་རི་ཁས་གཙོ་ཁྲིད་བྱེད་པའི་འཕུར་མདའི་འགོག་སྲུང་མ་ལག་ཁྲོད་ཞུགས་པ་གསལ་བཤད་བྱེད་བཞིན་ཡོད་པར་བཤད་ཀྱང་། ཧན་གོའི་རྒྱལ་སྲུང་པུའུ་ཡིས་དོན་དེ་གཏན་ནས་ཁས་ལེན་མ་བྱས།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཧན་གོ་རྒྱལ་ཁབ་ཨ་མེ་རི་ཁས་གཙོ་ཁྲིད་བྱེད་པའི་འཕུར་མདའི་འགོག་སྲུང་མ་ལག་ཁྲོད་ཞུགས་མི་སྲིད་པར་མ་ཟད། ཧན་གོས་རང་ཉིད་ཀྱི་འཕུར་མདའི་འགོག་སྲུང་མ་ལག་ཞིབ་འཇུག་གསར་སྤེལ་བྱེད་པར་རྩེ་གཅིག་ཏུ་གཞོལ་ནས་ཁྲའོ་ཞན་གྱི་འཕུར་མདའི་འཇིགས་ཉེན་སེལ་རྒྱུ་ཡིན་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་བསྟན་དོན། ཧན་གོར་མིག་སྔར་རང་ཉིད་ཀྱི་འཕུར་མདའི་འགོག་སྲུང་མ་ལག་ཡོད་པ་དང་། དེ་ནི་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་ཁྲའོ་ཞན་གྱི་འཕུར་མདའི་འཇིགས་ཉེན་སེལ་བའི་བྱེད་ཐབས་ཆེས་བཟང་བོ་ཡིན་ཟེར། ཁོས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁས་རང་རང་གི་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱད་དེ་ཁྲའོ་ཞན་གྱི་འཕུར་མདའ་ལ་རྗེས་འདེད་བྱེད་པའི་ཐད་ནས་མཉམ་ལས་བྱེད་བཞིན་ཡོད་ཟེར་ཡང་། ཧན་གོས་ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་མ་ལག་ལ་འབྲེལ་བའི་འཕུར་མདའ་དང་ལོས་ཏཱའི་མ་ལག་སྒྲིག་སྦྱོར་བྱས་པར་ཁས་ལེན་མ་བྱས་པ་དང་། མིག་སྔར་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་དེ་གསང་འཕྲིན་མཉམ་སྤྱོད་བྱེད་པ་ཙམ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག