མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་དང་འཇར་མན། ཨུ་རུ་སི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕོ་ལན་ནས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་དང་འཇར་མན། ཨུ་རུ་སི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་སྤྱི་ཟླ5བའི་ཚེས10ཉིན་ཧྭ་ཧྲ་ནས་ཨུ་རུ་སའི་ཅཱ་ལི་ཉིན་ཀི་ལེ་དང་ཕོ་ལན་གྱི་མཐའ་མཚམས་གནད་དོན་ཐད་ནས་གྲོས་མོལ་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་མོལ་མཇུག་སྒྲིལ་རྗེས། ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཞི་ཁི་ཨར་སི་ཅི་ཡིས་བསྟན་དོན། ཕྱོགས་གསུམ་གྱིས་ཕོ་ལན་དང་ཨུ་རུ་སིའི་བར་ན་ནིང་བཀོད་པའི་ཅཱ་ལི་ཉིན་ཀི་ལེའི་མཐའ་མཚམས་གནད་དོན་སྐོར་གྱི་མཉམ་ལས་གྲོས་མཐུན་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། གྲོས་མཐུན་དེས་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་ལ་སྔར་ལས་སྟབས་བདེ་བའི་ལམ་ཡིག་འགྲོ་ལུགས་འདོན་སྤྲོད་བྱས་ཏེ། མཐའ་མཚམས་ཀྱི་སྡོད་དམངས་ཀྱི་འགྲོ་འོང་སྟབས་བདེ་རུ་བཏང་ཡོད། མཚམས་སྦྱོར་བྱས་པ་ལྟར་ན། ན་ནིང་མཐའ་མཚམས་ཀྱི་འགྲོ་འོང་མི་སྣ་མི་ཐེངས་ས་ཡ་གཉིས་དང་མི་ཐེངས་ས་ཡ་བཞི་རུ་འཕར་སྣོན་བྱུང་ཡོད།

ཞི་ཁི་ཨར་སི་ཅི་ཡིས་ནན་གྱིས་བསྟན་དོན། ཕོ་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཅཱ་ལི་ཉིན་ཀི་ལེའི་མཐའ་མཚམས་གནད་དོན་གྱི་གྲོས་མཐུན་འགོད་པར་འཇར་མན་རྒྱལ་ཁབ་ཀྱི་རོགས་རམ་ཐོབ་ཡོད་ཀྱང་། ཕོ་ལན་དང་ཨུ་རུ་སི་ཡིས་ལམ་ཡིག་མེད་པར་བཟོ་བའི་གྲོས་མཐུན་འགོད་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་གཅིག་གྱུར་འཐད་པ་འབྱུང་དགོས་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཀྱང་གྲོས་མཐུན་དེར་གདེང་འཇོག་ཆེན་པོ་བྱས་པ་དང་། མཐའ་མཚམས་ས་ཁུལ་དུ་སྟབས་བདེའི་སྲིད་ཇུས་ལག་བསྟར་བྱེད་པ་དེ་ཕྱོགས་གཉིས་ཀྱི་སྡོད་དམངས་བར་གྱི་འབྲེལ་འདྲིས་ལ་ཕན་པར་མ་ཟད། ཉོ་ཚོང་འགྲོ་འོང་ལ་ཡར་སྐུལ་བྱེད་པར་ཡང་ཕན་པ་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཡོ་རོབ་གླིང་དུ་ཉམས་ཉེན་བྱུང་ཡང་རྒྱལ་ཁབ་གསུམ་བར་གྱི་ཉོ་ཚོང་འཕར་སྣོན་བྱུང་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། ཉོ་ཚོང་འབོར་གྲངས་དེ་ཨ་མེ་རི་ཁའི་སྒོར་མོ་ཁྲག་ཁྲིག1ལ་བརྒལ་ཡོད་ཟེར། ཁོས་ད་རུང་བསྟན་དོན། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་བར་གྱི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཨུ་རུ་སི་དང་ཕོ་ལན་གྱི་སྟབས་བདེའི་གྲོས་མཐུན་དེ་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་བར་ཕན་ཚུན་ལམ་ཡིག་མེད་པར་བཟོ་བའི་གནད་དོན་གྱི་གྲོས་མོལ་འཕེལ་རིམ་ལ་ཡར་སྐུལ་བྱེད་པར་ཕན་ཐོགས་འབྱུང་བར་རེ་བ་བཅངས་ཡོད་ཟེར།

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ། བྱང་ཆིངས་རྩ་འཛུགས་བཅས་ཀྱི་འབྲེལ་བ་དང་སི་རི་ཡཱ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཕོ་ལན་དང་འཇར་མན། ཨུ་རུ་སི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱི་ཐེངས་རྗེས་མའི་གྲོས་མོལ་དེ་སང་ལོར་ཧྲིན་པིས་ཏི་པའོ་ནས་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག