མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཕཱ་ཁི་སི་ཐན་གྱི་འདེམ་དམངས་ཞི་བའི་སྒོ་ནས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ5བའི་ཚེས9ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ཁི་སི་ཐན་གྱི་འདེམ་དམངས་དག་ཞི་བའི་སྒོ་ནས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་འདེམ་བསྐོའི་བྱ་འགུལ་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་ནམ་རྒྱུན་སྤྱི་ཟླ5བའི་ཚེས11ཉིན་གྱི་ཕཱ་ཁི་སི་ཐན་གྱི་རྒྱལ་ཡོངས་དང་ས་གནས་གྲོས་ཁང་གི་འདེམ་བསྐོའི་གྲ་སྒྲིག་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཁོས་འདེམ་དམངས་ཐོབ་ཐང་ཡོད་པའི་ཕཱ་ཁི་སི་ཐན་གྱི་མི་རྣམས་ཆོས་ལུགས་དང་། མི་རིགས། ཕོ་མོ་སོགས་ཀྱི་ཁྱད་པར་མེད་པར་ཞི་བའི་སྒོ་ནས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་དགོས་པ་དང་། གལ་འགངས་ཆེ་བའི་ཉིན་མོ་དེར་རང་ཉིད་ཀྱི་སྤྱི་དམངས་འོས་འགན་ལག་བསྟར་བྱེད་པར་རེ་བ་བྱས་ཡོད་ཟེར། ཕན་ཅི་བུན་གྱིས་ད་རུང་ཕཱ་ཁི་སི་ཐན་སྲིད་གཞུང་དང་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་། ཆབ་སྲིད་ཏང་ཁག དམངས་ཁྲོད་ཚོགས་ཁག ཆོས་ལུགས་ཀྱི་གཙོ་འཛིན་བཅས་ཀྱིས་འདེམ་དམངས་ལ་སྐུལ་མ་བཏང་བ་དང་། ཁྱད་པར་དུ་བུད་མེད་འདེམ་དམངས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པར་སྐུལ་མ་བཏང་བར་གཟེངས་བསྟོད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་ཕཱ་ཁི་སི་ཐན་ནས་འདེམ་བསྐོའི་སྔོན་བྱུང་བའི་ཆབ་སྲིད་ལས་རིགས་ཀྱི་མི་སྣ་དང་ཆབ་སྲིད་འདུ་ཚོགས། འདེམ་བསྐོའི་གཞུང་སྒྲུབ་ཁང་བཅས་ལ་དམིགས་པའི་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་རབས་དང་རིམ་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། གནོད་ཐེབས་མཁན་གྱི་ཁྱིམ་མི་ཚང་མར་འཚམས་འདྲི་བྱས། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཕཱ་ཁི་སི་ཐན་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་འདེམ་སྒུག་མི་སྣ་དང་སྲིད་ཏང་ལས་བྱེད་མི་སྣ། འདེམ་བསྐོའི་དཔོན་པོ། ལྟ་ཞིབ་མི་སྣ། འདེམ་དམངས་བཅས་ཀྱི་འདེམ་བསྐོའི་ཉིན་མོའི་བདེ་འཇགས་ལ་འགན་སྲུང་བྱས་པར་ཕན་ཅི་བུན་གྱིས་ཁས་ལེན་བྱས། ཁོས་ཞོར་དུ་ཐེངས་འདིའི་ཕཱ་ཁི་སི་ཐན་གྱི་རྒྱལ་ཡོངས་དང་ས་གནས་གྲོས་ཁང་གི་འདེམ་བསྐོའི་བྱ་བ་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག