མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སོ་སོར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལ་སི་རི་ཡཱའི་གནད་དོན་ཐད་ནས་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་སྤྱི་ཟླ5བའི་ཚེས9ཡི་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཉིན་དེའི་སྔ་དྲོར་སོ་སོར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཚེས་བདུན་ཉིན་མའོ་སི་ཁི་ནས་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་གྲོས་བསྡུར་བྱས།

ནེ་ཞི་ཨར་ཅི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕན་ཅི་བུན་གྱིས་ཁི་ལི་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་གནད་དོན་དེའི་ཐད་ནས་མངོན་པའི་མགོ་ཁྲིད་ནུས་པ་དང་རང་འགུལ་ནུས་པར་གཟེངས་བསྟོད་བྱས་པར་མ་ཟད། ཕྱོགས་སོ་སོས་གོ་སྐབས་དེ་དམ་འཛིན་བྱས་ཏེ་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། ཕན་ཅི་བུན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ངེས་མེད་དུ་སི་རི་ཡཱའི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྩིས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་དང་མཉམ་དུ་དོན་དེའི་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས7ཉིན་མའོ་སི་ཁི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་དང་གྲོས་མོལ་བྱས། ཁི་ལི་ཡིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་སི་རི་ཡཱའི་གནད་དོན་ལ་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་བསྡུས་ཏེ། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་གདན་འདྲེན་བྱེད་པར་འཐད་པ་བྱུང་ཡོད་ལ། ཐེངས་འདིའི་གྲོས་ཚོགས་དེ་ཟླ་འདིའི་ཟླ་མཇུག་གི་སྔོན་ལ་ཚོགས་པའི་རེ་བ་ཡོད་ཟེར། ཕན་ཅི་བུན་དང་པུའུ་ལཱ་ཞི་མུས་གཉིས་ཀྱིས་ཚེས8ཉིན་སོ་སོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག