མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་ཨ་ཧྥུའུ་ཧན་གྱི་གནས་བབ་འགྱུར་ལྡོག་ཐག་གཅོད་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སྤྱི་ཟླ5བའི་ཚེས8ཉིན་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་རོགས་རམ་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཀྱི་གནས་བབ་འགྱུར་ལྡོག་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་བདེ་འཇགས་གྲོས་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དམག་མི་དང་ཉེན་རྟོག་པའི་གསོ་སྦྱོང་ཐད་རོགས་རམ་བྱེད་རྒྱུ་མ་ཟད། ཞོར་དུ་ད་རུང་ཨ་ཧྥུའུ་ཧན་སྲིད་གཞུང་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་བསྐྱར་འཛུགས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཞུགས་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བལྟས་ན། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་འཇིགས་སྐུལ་དང་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་རྒྱལ་ཁ་ལོན་ཐུབ་མེད་པ་དང་། འཇིགས་སྐུལ་བྱ་འགུལ་སྔར་ལས་ཇེ་མང་དུ་སོང་བ་ལས་ཇེ་ཉུང་དུ་སོང་མེད་ཟེར། 2014ལོར་བྱང་ཆིངས་རྩ་འཛུགས་ཀྱིས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་འདེམ་བསྐོ་ཆེན་མོས་རྒྱལ་ཁབ་དེའི་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་སྲིད་པ་དང་། འཇིགས་སྐུལ་ཉེས་ཅན་གྱིས་གཏོར་བརླག་བྱ་འགུལ་དེ་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་རྒྱ་བསྐྱེད་ཡོད་པས། དེས་ཨུ་རུ་སི་ལ་དུག་རྫས་སྐྱེལ་འདྲེན་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས། ཡུལ་གྱར་བ་སོགས་གནད་དོན་གྱི་འགྲན་རྩོད་ཚབས་ཆེན་འབྱུང་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག