མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པའོ་ཧེ་དང་ཐུར་ཁེ། སེར་ཝེ་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ས་ཁུལ་གྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཧེ་དང་ཐུར་ཁེ། སེར་ཝེ་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་སྤྱི་ཟླ5བའི་ཚེས8ཉིན་པའོ་ཧེའི་རྒྱལ་ས་སཱ་ལཱ་རི་བོ་ནས་གྲོས་མོལ་བྱས་པ་དང་། ས་ཁུལ་གྱི་མཉམ་ལས་ལ་གྲོས་བསྡུར་བྱས་ཏེ། རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གི་གྲོས་ཚོགས་ལ་གྲ་སྒྲིག་བྱས།

པའོ་ཧེའི་ཕྱི་འབྲེལ་བློན་ཆེན་ལཱ་ཀུའུ་མུའུ་ཅི་ཡཱ་ཡིས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་ཕྱིན་ཆད་ལོ་རེར་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་གཉིས་དང་མགོ་གཙོའི་གྲོས་ཚོགས་ཉུང་མཐར་ཐེངས་གཅིག་བསྡུས་ཏེ། དཔལ་འབྱོར་དང་སློབ་གསོ། རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། ཁོས་བཤད་རྒྱུར། རྒྱལ་ཁབ་གསུམ་བར་གྱི་དཔལ་འབྱོར་མཉམ་ལས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་སོང་བ་དང་། ཁྱད་པར་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས། ཟས་རིགས་ཐོན་སྐྱེད་སོགས་ཁྱབ་ཁོངས་སུ་སྦས་ཤུགས་ཆེན་པོ་ཡོད་ཟེར།

སེར་ཝེ་ཡཱའི་ཕྱི་འབྲེལ་བློན་ཆེན་མུའུ་ཨར་ཅི་ཆི་ཡིས་བལྟས་ན། འདས་སོང་དང་ད་ལྟ་གང་ཡིན་ཡང་པའོ་ཧེ་དང་ཐུར་ཁེ། སེར་ཝེ་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་འདྲིས་ཧ་ཅང་ཟབ་པ་དང་། མིག་སྔར་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ས་ཁུལ་དེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཏཱ་བུའུ་ཐི་ཨོ་ལུའུ་ཡིས་བཤད་རྒྱུར། པའོ་ཧེ་དང་ཐུར་ཁེ། སེར་ཝེ་ཡཱ་བཅས་རྒྱལ་ཁབ་གསུམ་གྱིས2012ལོའི་སྤྱི་ཟླ10བར་བསྡུས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག་མའི་ཚུན་ལ། ཕན་ནུས་ལྡན་པའི་སྒོ་ནས་འགལ་བ་དང་བཀག་རྒྱ་མང་བོ་སེལ་ནས། མཉམ་ལས་རྒྱ་བསྐྱེད་པར་ཆ་རྐྱེན་བསྐྲུན་ཡོད་ཟེར།

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐེངས་རྗེས་མའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་སྤྱི་ཟླ10བར་སེར་ཝེ་ཡཱའི་རྒྱལ་ས་པེར་ཀི་ལེ་ཏི་ནས་བསྡུ་བར་འཐད་པ་བྱུང་།

གྲོས་ཚོགས་ནས་ད་རུང་ཁྱབ་སྒྲོག་བྱས་དོན། པའོ་ཧེ་དང་ཐུར་ཁེ། སེར་ཝེ་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་གཟའ་འཁོར་རྗེས་མར་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་མགོ་གཙོའི་གྲོས་ཚོགས་བསྡུས་ཏེ། དཔལ་འབྱོར་མཉམ་ལས་དང་ས་ཁུལ་གཡི་འཕེལ་རྒྱས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གི་གྲོས་ཚོགས་ཀྱང་ཨན་ཁཱ་ལཱ་ནས་བསྡུ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག