མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ4བའི་ཚེས8ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཚེས་བདུན་ཉིན་མའོ་སི་ཁི་ནས་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས།

ཕན་ཅི་བུན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཁོ་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་གཉིས་ཀྱིས་ཐོག་མ་ཉིད་ནས་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་ཞིག་ནི་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་པའི་སི་རི་ཡཱའི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་པར་ཡིད་ཆེས་བྱས་ཡོད་ཟེར། ཕན་ཅི་བུན་གྱིས་ད་རུང་བཤད་རྒྱུར། དེང་སྐབས་ཀྱི་དམིགས་འབེན་ཧ་ཅང་གསལ་བོ་ཡིན་ཞིང་སི་རི་ཡཱ་ནས་ངེས་པར་དུ་དྲག་ཤུགས་འཁྲུག་རྩོད་མཚམས་བཞག་སྟེ། ཕྱོགས་སོ་སོའི་ཁེ་ཕན་ལ་སྲུང་སྐྱོབ་ཐོབ་པ་དང་། སི་རི་ཡཱའི་མི་ཚང་མར་རང་དབང་དང་ལ་རྒྱ་ལྡན་པ། དེ་མིན་ལུགས་དང་མཐུན་པའི་རེ་འདོད་བསྐང་ཐུབ་པའི་སི་རི་ཡཱ་གསར་བ་ཞིག་ཏུ་བར་བརྒལ་བྱེད་དགོས་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སྤྱི་ཟླ5བའི་ཚེས7ཉིན་མའོ་སི་ཁི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་དང་གྲོས་མོལ་བྱས། ཁི་ལི་ཡིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་སི་རི་ཡཱའི་གནད་དོན་སྐོར་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་རྒྱུ་དང་། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་གདན་འདྲེན་བྱེད་པར་འཐད་པ་བྱུང་ཡོད་ལ། ཐེངས་འདིའི་གྲོས་ཚོགས་དེ་ཟླ་འདིའི་ཟླ་མཇུག་གི་སྔོན་ལ་ཚོགས་པའི་རེ་བ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག