མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་ཧན་གོའི་ཙུང་ཐུང་གིས་ཁྲའོ་ཞན་གྱི་དཀྲུག་འཕེན་བྱ་སྤྱོད་ལ་ཀུ་ཡངས་གཏོང་མི་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-08 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་སྤྱི་ཟླ5བའི་ཚེས7ཉིན་བསྟན་དོན། ཁོ་ཚོས་ཁྲའོ་ཞན་གྱི་འཇིགས་སྐུལ་དང་དཀྲུག་འཕེན་བྱ་སྤྱོད་ལ་ཀུ་ཡངས་གཏོང་མི་སྲིད་པའི་བསམ་ཚུལ་བསྟན་པར་མ་ཟད། ཁྲའོ་ཞན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་འབྲེལ་འདྲིས་སླར་གསོ་བྱེད་པ་དང་རོགས་སྐྱོར་ཐོབ་པར་བྱེད་ཆེད་དོན་སྙིང་ལྡན་པའི་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་།

ཨོ་པཱ་མཱ་དང་ཕེའོ་ཅིན་ཧོས་ཀྱིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱས། ཨོ་པཱ་མཱ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་གྲོས་མོལ་ལས་ཁྲའོ་ཞན་གྱིས་འཇིགས་སྐུལ་ལ་བརྟེན་ནས་ཧན་གོ་དང་ཨ་མེ་རི་ཁའི་བར་འགལ་བ་འབྱུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་འཇོག་ཐོབ་པར་བྱེད་པའི་བྱ་བར་ཕན་ཉེས་བྱུང་ཡོད་པ་གསལ་བོར་ཤེས་ཐུབ། ཁོས་ད་རུང་ཨ་མེ་རི་ཁས་འཇར་པན་དང་ཧན་གོ་རྒྱལ་ཁབ་ཀྱི་རྒྱུན་སྲོལ་དམག་དོན་སྟོབས་ཤུགས་དང་ཉིང་རྡུལ་ནུས་པའི་སྲུང་སྐྱོབ་ཐད་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས།

ཙུང་ཐུང་དུ་བདམས་རྗེས་ཐོག་དང་པོར་ཨ་མེ་རི་ཁར་འཚམས་འདྲི་བྱས་པའི་ཕེའོ་ཅིན་ཧོས་ཀྱིས་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཙུང་ཐུང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ཁྲའོ་ཞན་གྱི་འཇིགས་སྐུལ་དང་དཀྲུག་འཕེན་བྱ་སྤྱོད་ལ་ཀུ་ཡངས་གཏོང་མི་སྲིད་པ་བསྐྱར་སྒྲོག་བྱས། ཁོ་གཉིས་ཀྱིས་ད་རུང་མུ་མཐུད་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་མཚོན་ཆ་དང་རྒྱུན་སྲོལ་གྱི་མཚོན་ཆའི་འཇིགས་ཉེན་ལ་དམིགས་པའི་མཉམ་ལས་ལ་ཤུགས་སྣོན་པར་འཐད་པ་བྱུང་ཡོད་ཟེར།

ཨོ་པཱ་མཱ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཁྲའོ་ཞན་བར་འབྲེལ་འདྲིས་བྱས་ཏེ་མ་འོངས་པར་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་འདོད་ཡོད་ཀྱང་། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ཁྲའོ་ཞན་གྱིས་ངེས་པར་དུ་དོན་སྙིང་ལྡན་པའི་བྱེད་ཐབས་སྤྱད་དེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པར་བྱེད་པའི་དམ་བཅའ་ལག་བསྟར་བྱེད་དགོས་ཟེར།

ཕེའོ་ཅིན་ཧོས་ཀྱིས་ཀྱང་བསྟན་དོན། གལ་ཏེ་ཁྲའོ་ཞན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ཁུར་བའི་བགྲོད་ལམ་གདམ་གསེས་བྱས་ན། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཁྲའོ་ཞན་ལ་རོགས་སྐྱོར་བྱེད་འདོད་ཡོད་ཟེར།

ཨོ་པཱ་མཱ་དང་ཕེའོ་ཅིན་ཧོས་གཉིས་ཀྱིས་ཉིན་དེར་ཕོ་བྲང་དཀར་པོའི་གྲོས་མོལ་ཁྲོད་ད་རུང་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲོས་ཆོད་དང་རྒྱལ་ཁབ་གཉིས་ཀྱི་དམངས་སྤྱོད་ཉིང་རྡུལ་ནུས་པའི་མཉམ་ལས་སོགས་གྲོས་གཞི་ལ་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག