མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་དབྱི་སི་རལ་གྱིས་སི་རི་ཡཱ་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་སེམས་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ5བའི་ཚེས5ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་སི་རི་ཡཱ་ལ་བར་སྣང་ནས་འཇབ་རྒོལ་བྱས་པའི་གནས་ཚུལ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

གསལ་བསྒྲགས་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིག་སྔར་ད་རུང་དོན་རྐྱེན་དེར་རྒྱུས་ལོན་ཞིབ་མོ་མེད་ལ། དོན་རྐྱེན་དེར་དམིགས་པའི་སྒེར་ཚུགས་རྟོག་ཞིབ་བྱེད་པའི་ལངས་ཕྱོགས་ཀྱང་མེད་ཟེར།

ཕན་ཅི་བུན་གྱིས་གསལ་བསྒྲགས་ནང་འབྲེལ་ཡོད་ཕྱོགས་སོ་སོས་ཚད་ཆེན་པོས་རང་ཚོད་བཟུང་ཞིང་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། མིག་སྔའི་ཉེན་ཁ་ཆེས་ཆེ་ཞིང་གནོད་འཚེ་རང་བཞིན་ལྡན་པའི་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་བསྒྲགས་ལས་ད་རུང་བཤད་རྒྱུར། ཕན་ཅི་བུན་གྱིས་ས་ཁུལ་དེའི་རྒྱལ་ཁབ་ཚང་མའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་ཐོབ་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལའང་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་།

སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཚེས5ཉིན་གྱི་ཞོགས་པར་སི་རི་ཡཱའི་དམག་དོན་དམིགས་འབེན་གསུམ་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མར་ཤི་རྨས་དང་གཞི་རྒྱ་ཆེ་བའི་གཏོར་བརླག་བཟོས། བར་སྣང་གི་འཇབ་རྒོལ་ལས་ཉེ་འཁོར་གྱི་སྡོད་དམངས་འདུས་སྡོད་ས་ཁུལ་ལའང་འཇིགས་ཉེན་ཐེབས་ཡོད། མིག་སྔར་ད་རུང་དབྱི་སི་རལ་ཕྱོགས་ཀྱིས་བར་སྣང་གི་འཇབ་རྒོལ་དོན་རྐྱེན་ཐད་ནས་གཏམ་བརྗོད་ཅི་ཡང་སྤེལ་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག