མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཁུ་པཱའི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རི་ནེ་ཝ་རུ་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་བཤེར་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་ཟླ་ལྔ་བའི་ཚེས་གཅིག་ཉིན་ཁུ་པཱ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱས།

ཁུ་པཱའི་འཐུས་ཚབ་ཚོགས་པར་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་སྣེ་ཁྲིད་བྱས་ཡོད་པ་དང་། དེའི་ཁོངས་མི་ལ་ཁྲིམས་འཛིན་པུའུ་དང་ངལ་རྩོལ་བཟོ་བའི་པུའུ་སོགས་སྡེ་ཁག་གི་དཔོན་རིགས་འདུས། གྲོས་རིམ་ལྟར་ན་ཁུ་པཱའི་འཐུས་ཚབ་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ལ་ཁུ་པཱའི་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་སྐོར་གྱི་སྙན་ཞུ་སྤྲད་དེ། ཐེངས་སྔོན་མའི་གྲོས་ཞིབ་ཚུན་ལ་ཁུ་པཱ་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་གསལ་བཤད་ཞིབ་མོ་བྱས། གྲོས་ཞིབ་བྱེད་སྐབས་བསྡོམས་པས་རྒྱལ་ཁབ་བརྒྱ་དང་སོ་གསུམ་གྱི་འཐུས་མིས་གཏམ་བཤད་སྤེལ། རྒྱལ་ཁབ་མང་བོས་ཁུ་པཱའི་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་། ཁུ་པཱ་རྒྱལ་ཁབ་ཀྱིས་སློབ་གསོ་ལེགས་བཅོས་བྱེད་པ་དང་། བུད་མེད་ཀྱི་ཁེ་དབང་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་ནས་མུ་མཐུད་དུ་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཁུ་པཱ་རྒྱལ་ཁབ་ཀྱིས་གཏམ་བརྗོད་དང་འདུ་ཚོགས་ཀྱི་རང་དབང་ལ་ཚད་བཀག་བྱས་པར་སྐྱོན་འཛུགས་བྱས་པ་དང་། ཁུ་པཱ་རྒྱལ་ཁབ་ཀྱིས་ཁྲིམས་འཛིན་སྒེར་ཚུགས་ཀྱི་རྩ་དོན་ལ་བརྩི་འཇོག་བྱེད་དགོས་པའི་རེ་བ་བཏོན།

འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་བཤེར་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་དེ་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་སྤེལ་མགོ་བརྩམས་པ་དང་། སྐོར་ཐེངས་འདིར་གྲོས་ཞིབ་བྱེད་པར་དང་ལེན་བྱས་པའི་རྒྱལ་ཁབ་ལ་ཨུ་རུ་སི་དང་འཇར་མན། ཁཱ་ནཱ་ཏཱ། ཨ་སེ་པེད་ཅང་། ཁོ་ལོམ་པུ་ཡཱ། བྷང་ག་ལཱ་སོགས་བསྡོམས་པས་རྒྱལ་ཁབ་བཅུ་བཞི་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག