མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་ཙུང་ཐུང་གིས་ཐོག་དང་པོར་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡི་མགྲིན་ཚབ་པ་དབྱེ་ཡུང་ཁྲོན་གྱིས་ཚེས་གསུམ་ཉིན་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་མགོ་གཙོས་ཚེས་བདུན་ཉིན་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱེད་རྒྱུ་ཡིན་པར་མ་ཟད། ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་རྒྱུ་རེད། ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་མཉམ་འབྲེལ་བསྒྲགས་གཏམ་དེ2009ལོར་བཀོད་པའི་ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་གྱི་མ་འོངས་པའི་མདུན་ལྗོངས་ཞེས་པ་ལས་འཐུས་ཚང་དུ་གྱུར་ཡོད་པ་དང་། དེའི་ནང་མ་འོངས་པའི་ལོ་ངོ་བཅུ་ཕྲག་འགའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སོགས་གནད་དོན་གཙོ་བོ་འདུས་ཡོད་ཟེར།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཟླ་འདིའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར་ཨ་མེ་རི་ཁ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད།

དབྱེ་ཡུང་ཁྲོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཨ་མེ་རི་ཁའི་འགྲུལ་བཞུད་ནི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ལས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཕྱི་རྒྱལ་དུ་འཚམས་འདྲིར་སོང་ཡིན། ཨ་མེ་རི་ཁར་འཚམས་འདྲིར་བྱེད་སྐབས་ཕེའོ་ཅིན་ཧོས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ཡང་བསྐྱར་གཏན་འབེབས་བྱེད་རྒྱུ་ཡིན་པས་ཐེངས་འདིའི་འགྲུལ་བཞུད་ལ་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་མགོ་གཙོའི་གྲོས་མོལ་ལས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཡིད་ཆེས་ཇེ་དྲག་ཏུ་འགྲོ་བ་དང་རྒྱལ་ཁབ་གཉིས་ཀྱི་མནའ་མཐུན་འབྲེལ་བར་རྒྱུན་མཐུད་འཕེལ་རྒྱས་འབྱུང་བར་ཡར་སྐུལ་གྱི་ནུས་པ་ཐོན་པར་རེ་སྒུག་བྱས་ཡོད་ཟེར།

དབྱེ་ཡུང་ཁྲོན་གྱིས་བསྟན་དོན། དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གི་བདེ་འཇགས་གནས་བབ་ཧ་ཅང་ཛ་དྲག་ཆེ་ཞིང་། ཕེའོ་ཅིན་ཧོས་ཀྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་བར་གྱི་ཁྲའོ་ཞན་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་གྲོས་གཞི་འདོན་རྒྱུ་མ་ཟད། ཧན་གོའི་ཡིད་ཆེས་ཐོབ་པའི་ཕྱི་འབྲེལ་སོགས་སྲིད་ཇུས་གཙོ་བོའི་ཐད་ནས་ཨ་མེ་རི་ཁའི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག