མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁའེ་ཁྲིན་བཟོ་ལས་ར་བའི་མཇུག་མཐའི་ཧན་གོ་བ་བདུན་ཕྱིར་རྒྱལ་ནང་དུ་ལོག་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀ་ཁྲའོ་ཞན་ཁའེ་ཁྲིན་བཟོ་ལས་ར་བའི་མ་དངུལ་གྱི་གནད་དོན་ཐད་ནས་གྲོས་འཆམ་བྱུང་རྗེས། ར་བ་དེར་ཡོད་པའི་མཇུག་མཐའི་ཧན་གོ་བ་བདུན་ཚེས་གསུམ་ཉིན་གྱི་ས་སྲོད་ཀྱི་དུས་སུ་དམག་དོན་མཐའ་མཚམས་ས་རྟགས་བརྒལ་ནས་ཕྱིར་ཧན་གོའི་ཕྱོགས་སུ་ལོག

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀ་ཁའེ་ཁྲིན་བཟོ་ལས་ར་བའི་མ་དངུལ་གནད་དོན་ཐད་ནས་གྲོས་འཆམ་བྱུང་བ་དང་། ཧན་གོས་ཁྲའོ་ཞན་གྱིས་རེ་བ་བཏོན་པའི་ཨ་མེ་རི་ཁའི་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་བྱིན་ལ། དེའི་ནང་དུ་ཁྲའོ་ཞན་གྱི་བཟོ་བའི་ཟླ་གསུམ་པའི་ཟླ་ཕོགས་ཨ་མེ་རི་ཁའི་སྒོར་མོ་ས་ཡ་བདུན་དང་འབུམ་གསུམ་དང་། ཉིས་སྟོང་བཅུ་གཉིས་ལོའི་ཁེ་ལས་ཀྱི་དཔྱ་ཁྲལ་ཨ་མེ་རི་ཁའི་སྒོར་མོ་ས་ཡ་བཞི། འཕྲིན་གཏོང་གི་གླ་དང་གད་སྙིགས་ཐག་གཅོད་ཀྱི་གླ་སོགས་ཨ་མེ་རི་ཁའི་སྒོར་མོ་ས་ཡ་གཅིག་དང་འབུམ་བདུན་འདུ་ཟེར།

ཧན་གོའི་སྲིད་གཞུང་གིས་བཤད་རྒྱུར། མཇུག་མཐའི་ཧན་གོ་བ་བདུན་བདེ་བླག་ངང་ཕྱིར་རྒྱལ་ནང་དུ་ལོག་པར་ཁག་ཐེག་བྱེད་ཆེད། སྲིད་གཞུང་གིས་ཁྲའོ་ཞན་ཕྱོགས་ལ་གོང་གི་སྒོར་མོ་དེ་དག་བྱིན་པ་དང་། དོན་དག་གི་རྗེས་སུ་འབྲེལ་ཡོད་ཁེ་ལས་ལ་རྩིས་གསལ་བོ་རྒྱག་རྒྱུ་ཡིན་ཟེར།

ཧན་གོའི་གཅིག་གྱུར་པུའུ་ཡི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཧན་གོའི་ཁེ་ལས་ཀྱིས་བཟོ་ལས་ར་བར་བཞག་པའི་ཐོན་རྫས་དང་མ་བཅོས་རྒྱུ་ཆ་ཕྱིར་སྟེར་བའི་གནད་དོན་ཐད་ནས། ཕྱོགས་གཉིས་ཀྱིས་ད་དུང་མུ་མཐུད་གྲོས་མོལ་བྱེད་རྒྱུ་ཡིན་ལ། ཁྲའོ་ཞན་གྱིས་ཉིང་རྡུལ་གནད་དོན་ཐད་ནས་མཉམ་ལས་གང་ལེགས་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན། དེ་དང་མཉམ་དུ་རྗེས་ཕྱོགས་ཀྱི་གྲོས་མོལ་ལ་སྟབས་བདེ་བཟོ་ཆེད། ཁྲའོ་ཞན་གྱིས་བཅད་ཟིན་པའི་ཁྲའོ་ཞན་དང་ཧན་གོའི་པན་མིན་ཏེན་འབྲེལ་གཏུག་ཁ་པར་དང་ཁྲའོ་ཞན་དང་ཧན་གོའི་དམག་དོན་འཕྲིན་གཏོང་སྐུད་ལམ་སླར་གསོ་བྱེད་དགོས་ཟེར།

ཁའེ་ཁྲིན་བཟོ་ལས་ར་བ་ནི་ཁྲའོ་ཞན་ལྷོ་ཕྱོགས་ཀྱི་མཐའ་མཚམས་སུ་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་གི་ཧན་གོ་དང་ཁྲའོ་ཞན་གྱི་དཔལ་འབྱོར་མཉམ་ལས་ལས་གཞི་གཅིག་པུ་ཡིན་ལ། ཉིས་སྟོང་ལྔ་ལོ་ནས་བཟུང་གཉེར་མགོ་བརྩམས། དེ་རུ་ཧན་གོའི་ཁེ་ལས་བརྒྱ་དང་ཉི་ཤུ་ལྷག་ཡོད་པ་དང་། ཁྲའོ་ཞན་གྱི་བཟོ་བ་ཁྲི་ལྔ་དང་སྟོང་བཞི་ཙམ་གླས་ཡོད།

ཉེ་བའི་ཟླ་གཉིས་ཀྱི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཁྲའོ་ཞན་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་སྦྱོང་བྱས་པར་དམིགས་ནས། ཁྲའོ་ཞན་གྱིས་བྱེད་ཐབས་དྲག་པོ་རབ་དང་རིམ་པ་སྤྱད། ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་དམག་འཁྲུག་གི་དུས་སུ་བསླེབས་པ་ཁྱབ་བསྒྲགས་བྱས་པ་དང་། ཟླ་བཞི་བའི་ཚེས་བརྒྱད་ཉིན། ཁྲའོ་ཞན་གྱིས་ཁའེ་ཁྲིན་བཟོ་ལས་ར་བའི་ཁྲའོ་ཞན་གྱི་བཟོ་བ་ཚང་མ་ཕྱིར་འཐེན་བྱས་པ་དང་། གནས་སྐབས་སུ་བཟོ་ལས་ར་བའི་སྒོ་བརྒྱབ། ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཁྲའོ་ཞན་གྱིས་ཧན་གོའི་བར་དུ་བཟོ་ལས་ར་བའི་ཚོང་གཉེར་ཐད་ནས་གྲོས་མོལ་བྱེད་རྒྱུ་ཁས་མ་བླངས་པས། ཧན་གོའི་གཅིག་གྱུར་པུའུ་ཡི་མགོ་གཙོས་བཟོ་ལས་ར་བའི་ཧན་གོའི་མི་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བསྒྲགས། དེའི་རྗེས་སུ་ཧན་གོའི་མི་མང་ཆེ་ཤོས་སྔ་གཞུག་ཏུ་བཟོ་ལས་ར་བ་ནས་ཕྱིར་འཐེན་བྱས་པ་དང་། མི་བདུན་དེ་རུ་བསྡད་དེ་ཟླ་ཕོགས་རྩིས་རྒྱག་པ་སོགས་ཀྱི་གནད་དོན་ཐད་ནས་ཁྲའོ་ཞན་ཕྱོགས་ལ་གྲོས་མོལ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག