མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་ལས་རིགས་སོ་སོས་རྩ་ཁྲིམས་བཟོ་བཅོས་བྱེད་པར་ངོ་རྒོལ་དྲག་པོ་བྱས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:34

1.jpg

འཇར་པན་གྱི་རྩ་ཁྲིམས་དྲན་གསོའི་ཉིན་མོ་སྟེ་ཟླ་ལྔ་བའི་ཚེས་གསུམ་ཉིན། རྩ་ཁྲིམས་ཀྱི་དོན་ཚན་གོ་དྲུག་པ་བཟོ་བཅོས་བྱེད་པར་ངོ་རྒོལ་བྱེད་ཅེས་བྲིས་ཡོད་པའི་རས་བྱང་བཟུང་བའི་འཇར་པན་གྱི་མང་ཚོགས་ཏུང་ཅིན་གྱི་སྲང་ལམ་དུ་རྩ་ཁྲིམས་བཟོ་བཅོས་བྱེད་པར་ངོ་རྒོལ་བྱེད་པའི་བྱ་འགུལ་ལ་ཞུགས་བཞིན་པ།  

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་གསུམ་ཉིན་ནི་འཇར་པན་གྱིས་རྩ་ཁྲིམས་ལག་བསྟར་བྱས་ཏེ་ལོ་འཁོར་རེ་དྲུག་ལོན་པའི་དྲན་གསོའི་ཉིན་མོ་རེད། ཉེ་ལམ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱི་རྩ་ཁྲིམས་གྱི་དོན་གོ་དྲུག་པ་བཟོ་བཅོས་བྱས་ཏེ་རྒྱལ་ཚོགས་ཀྱིས་རྩ་ཁྲིམས་བཟོ་བཅོས་བྱེད་པར་གྲོས་གཞི་འདོན་པའི་ཆ་རྐྱེན་ལྷོད་ཡངས་སུ་གཏོང་བའི་འདོད་བློ་དྲག་པོར་དམིགས་ནས། འཇར་པན་རྒྱལ་ཡོངས་ཀྱིས་ཉིན་དེར་བྱ་འགུལ་སྣ་ཚོགས་སྤེལ་ཏེ་རྩ་ཁྲིམས་བཟོ་བཅོས་བྱེད་པར་ངོ་རྒོལ་བྱས།

    ཚེས་གསུམ་ཉིན་གྱི་ཕྱི་དྲོར། རྩ་ཁྲིམས་བཟོ་བཅོས་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས་པའི་མང་ཚོགས་སྔ་གཞུག་ཏུ་ཏུང་ཅིན་གྱི་རི་པེ་ཀུའུ་གླིང་ཀ་ནས་ལམ་ལ་ཆས་པ་དང་། ཁོ་ཚོས་རྩ་ཁྲིམས་ཀྱི་དོན་ཚན་དགུ་བ་དང་དོན་ཚན་གོ་དྲུག་པ་བཟོ་བཅོས་བྱེད་པར་ངོ་རྒོལ་བྱེད་ཅེས་པའི་ཁ་གཡང་བསྒྲགས། ཁྲོམ་སྐོར་ལ་ཞུགས་པའི་ཏུང་ཅིན་སྒྱུ་རྩལ་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་ཧྥན་ཀའོ་ཅིན་ཙི་ཡིས་གསར་འགོད་པར་བཤད་རྒྱུར། འཇར་པན་ལ་རྩ་ཁྲིམས་ཀྱི་དོན་ཚན་དགུ་བ་ཡོད་པས་དམག་འཁྲུག་རྗེས་ཀྱི་ཞི་བདེར་ཁག་ཐེག་བྱས་པ་ཡིན་ལ། རྩ་ཁྲིམས་ཀྱི་དོན་ཚན་དགུ་བར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་ཟེར། ལོ་དོན་གཅིག་ལ་བུད་པའི་ཡེ་ཀྲུང་ཆིན་གྱིས་གསར་འགོད་པར་བཤད་རྒྱུར། དབུ་བཞུགས་བློན་ཆེན་ཡིན་པའི་ཆ་ནས། ཨན་པེ་ཡིས་འཇར་པན་གྱིས་ལོ་རྒྱུས་སྟེང་བཟོས་པའི་ནོར་འཁྲུལ་ལ་གཟབ་ནན་གྱིས་ཕྱིར་འདང་རྒྱག་དགོས་ཟེར། ཡུལ་དངོས་སུ་ཡོད་པའི་ཉེན་རྟོག་པས་གསར་འགོད་པར་ཁྲོམ་སྐོར་ལ་བལྟ་བའི་མི་ཁྲི་ཕྲག་ལྷག་ཡོད་ཟེར།

    འཇར་པན་གྱི་དམངས་གཙོ་ཏང་དང་གུང་མེན་ཏང་། གུང་ཁྲན་ཏང་། སྤྱི་ཚོགས་དམངས་གཙོ་ཏང་བཅས་ཀྱིས་སོ་སོར་རྩ་ཁྲིམས་བཟོ་བཅོས་ལ་ངོ་རྒོལ་བྱེད་པའི་གསལ་བསྒྲགས་སྤེལ། སྤྱི་ཚོགས་དམངས་གཙོ་ཏང་གིས་འཇར་པན་གྱི་རྩ་ཁྲིམས་དེ་ཉམས་ཉེན་ཆེས་ཆེན་པོར་འཕྲད་ཡོད་ཅེས་བཤད། སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གཙོ་ཧྥུའུ་ཏའོ་རོས་སོས་ཀྱིས་ད་དུང་ཏང་ཁག་གཞན་པ་དང་མཉམ་འབྲེལ་བྱས་ཏེ་མཉམ་དུ་རྩ་ཁྲིམས་བཟོ་བཅོས་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག