མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པ་ནོན་གྱི་ཙུང་ཐུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ལེ་པ་ནོན་གྱི་བར་སྣང་ལ་བཙན་འཛུལ་བྱེད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་གྱི་ཙུང་ཐུང་སུའུ་ལའེ་མན་གྱིས་ཚེས་གསུམ་ཉིན་པེ་རུ་ཐི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་ལེ་པ་ནོན་གྱི་བར་སྣང་ལ་བཙན་འཛུལ་བྱེད་མཚམས་འཇོག་ཏུ་འཇུག་རྒྱུའི་འབོད་སྐུལ་བཏང་།

ལེ་པ་ནོན་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སུའུ་ལའེ་མན་གྱིས་དབྱི་སི་རལ་གྱིས་ཉེ་ལམ་རྒྱུན་ཆད་མེད་པར་ལེ་པ་ནོན་གྱི་བར་སྣང་ལ་བཙན་འཛུལ་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལེ་པ་ནོན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད1701པ་དང་འགལ་ཡོད་ཅེས་སྐྱོན་བརྗོད་བྱས་པ་དང་། ཁོས་དབྱི་སི་རལ་གྱི་བྱ་སྤྱོད་དེའི་དམིགས་ཡུལ་ནི་ལེ་པ་ནོན་ལ་མུ་མཐུད་དུ་འཇིགས་སྣང་སློང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། ལེ་པ་ནོན་གྱི་བརྟན་འཇགས་ལ་གཏོར་བརླག་བྱེད་རྒྱུ་དེ་རེད་ཅེས་བཤད་ཟེར།

སུའུ་ལའེ་མན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། ལེ་པ་ནོན་གྱི་བར་སྣང་ལ་བཙན་འཛུལ་བྱེད་མཚམས་འཇོག་ཏུ་འཇུག་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད1701པ་ལག་བསྟར་བྱེད་དུ་འཇུག་རྒྱུ་མ་ཟད། ལེ་པ་ནོན་ལ་ཁ་གཏད་པའི་འཇིགས་སློང་དང་བཙན་འཛུལ་སྲིད་ཇུས་ལག་བསྟར་བྱེད་མཚམས་འཇོག་ཏུ་འཇུག་རྒྱུའི་རེ་བ་བཏོན།

ལེ་པ་ནོན་དམག་ཕྱོགས་ཀྱི་མི་སྣས་བཤད་པ་ལྟར་ན། ཉེ་བའི་ཉིན་འགའི་རིང་ལ། དབྱི་སི་རལ་གྱིས་འཐབ་འཛིང་གནམ་གྲུ་མངགས་ཏེ་ལེ་པ་ནོན་གྱི་བར་སྣང་དུ་ཡོང་བ་དང་། ལེ་པ་ནོན་གྱི་ལྷོ་ཕྱོགས་སོགས་ནས་དམའ་མོར་འཕུར་བ་མ་ཟད། འཇབ་རྒོལ་གྱི་ཚུལ་བསྟན་ཟེར། གཞན་ཡང་དབྱི་སི་རལ་རྒྱལ་ཁོངས་ཚགས་པར་གྱིས་དབྱི་སི་རལ་དམག་ཕྱོགས་ཀྱི་མི་སྣས་བཤད་པའི་སྐད་ཆ་དྲངས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་རྒྱུན་མ་ཆད་པར་ལེ་པ་ནོན་གྱི་བར་སྣང་དུ་ལྡིང་སྐོར་རྒྱག་དོན་ནི་སི་རི་ཡས་ལེ་པ་ནོན་ཀྲིན་ཀྲུའུ་ཏང་ལ་རྫས་འགྱུར་མཚོན་ཆ་སྐྱེལ་བར་དོགས་པ་ཡོད་པའི་རྐྱེན་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག