མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པོ་ཧྲི་ཏོན་འགས་གཏོར་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་གྱིས་ཨ་མེ་རི་ཁའི་རང་བཙན་ཉིན་མོར་འཇབ་རྒོལ་བྱེད་པའི་འཆར་གཞི་འཐེན་མྱོང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་མང་བོས་བསྒྲགས་པ་ལྟར་ན། ཨ་རིའི་ཁྲིམས་འཛིན་དཔོན་རིགས་ཤིག་གིས་བཤད་རྒྱུར། པོ་ཧྲི་ཏོན་འགས་གཏོར་དོན་རྐྱེན་གྱི་ཉེས་ཅན་སྤུན་གཉིས་ཀྱིས་ཟླ་བདུན་པའི་ཚེས་བཞ་ཉིན་ཏེ་ཨ་མེ་རི་ཁའི་རང་བཙན་ཉིན་མོའི་དགའ་སྟོན་བྱ་འགུལ་ཁྲོད་འགས་གཏོར་དོན་རྐྱེན་སློང་བར་འཆར་གཞི་འཐེན་མྱོང་བ་དང་། འགད་རྫས་དེའི་སྔོན་ལ་འགྲུབ་པར་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཏེ་པོ་ཧྲི་ཏོན་རྒྱང་རྒྱུག་འགྲན་སྡུར་གྱི་དུས་ཚོད་བདམས་ནས་འགས་གཏོར་དོན་རྐྱེན་བཟོས་པ་རེད་ཟེར།

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། ས་ན་ཡེ་ཧྥུའུ་སྤུན་གཉིས་ཀྱིས་པོ་ཧྲི་ཏོན་རྒྱང་རྒྱུག་འགྲན་སྡུར་གྱི་མཇུག་མཐའི་ས་ཚིགས་ཉེ་འདབས་ནས་མཐོ་གནོན་སླ་ངས་བཟོས་པའི་འགད་རྫས་འགས་གཏོར་བཏང་སྟེ། མི་གསུམ་བསད་པ་དང་། མི་ཉིས་བརྒྱ་དང་དྲུག་ཅུ་རྨས། ལོ་ཉེར་དྲུག་ཅན་གྱི་ཕུ་བོ་ཐ་མེ་ལན་ས་ན་ཡེ་ཧྥུའུ་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་ཉེན་རྟོག་པར་ངོ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར།

ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་མང་བོས་ཁྲིམས་འཛིན་དཔོན་རིགས་ཤིག་གི་སྐད་ཆ་དྲངས་པ་ལྟར་ན། ནུ་བོ་ཅའོ་ཧ་ཨར་ས་ན་ཡེ་ཧྥུའུ་ཡིས་རྟོག་ཞིབ་མི་སྣར་ཁོ་གཉིས་ཀྱིས་ཟླ་བདུན་པའི་ཚེས་བཞི་ཉིན་གྱི་ཨ་མེ་རི་ཁའི་རང་བཙན་ཉིན་མོར་འགས་གཏོར་བྱེད་རྩིས་བྱས་པ་དང་། འགད་རྫས་འགྲུབ་སྔ་བས་པོ་ཧྲི་ཏོན་རྒྱང་རྒྱུག་འགྲན་སྡུར་གྱི་སྐབས་སུ་འཇབ་རྒོལ་བྱས་པ་ཡིན་ཞེས་བཤད་ཟེར།

ཨ་མེ་རི་ཁའི་རང་བཙན་ཉིན་མོར་འཇབ་རྒོལ་བྱས་ཚེ་དམིགས་བསལ་གྱི་དོན་སྙིང་ལྡན་པ་མ་ཟད་ཤི་རྨས་སྔར་ལས་ཚབས་ཆེན་བཟོ་སྲིད།

ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་མང་བོས་བསྒྲགས་པ་ལྟར་ན། ཅའོ་ཧ་ཨར་གྱིས་རྟོག་ཞིབ་མི་སྣར་འགད་རྫས་ནི་ཁོའི་ཕུ་བོ་ཐ་མེ་ལན་གྱི་མཱ་ས་ཀྲུའུ་སའེ་ཀྲིག་ཏུ་ཡོད་པའི་ཁང་བའི་ནང་དུ་ལས་པ་ཡིན་ལ། ཁོ་གཉིས་ཀྱིས་རང་སྲོག་གཅོད་པའི་ཚུལ་གྱི་འཇབ་རྒོལ་ལ་ཡང་བསམ་གཞིགས་བཏང་མྱོང་ཞེས་བཤད་ཟེར།

ས་དེའི་གསར་འགྱུར་ལས་ཁུངས་ཀྱིས་བཤད་རྒྱུར། ལོ་བཅུ་དགུར་བུད་པའི་ཅའོ་ཧ་ཨར་གྱིས་རྟོག་ཞིབ་མི་སྣར་ཁོ་དང་ཕུ་བོ་གཉིས་ཀྱིས་དྲ་ཐོག་ནས་མུའུ་སི་ལིན་གྱི་ཆོས་པ་ཨན་ཝ་ཨར་ཨོ་ལ་ཅི་ཡི་གཏམ་ལ་ཉན་མྱོང་ཞེས་བཤད་ཟེར། ཨོ་ལ་ཅི་ནི་ཨ་མེ་རི་ཁ་ནས་སྐྱེས་པའི་ཡེ་མིན་པ་ཞིག་ཡིན་ལ། ཁོས་རང་ཉིད་དགུ་བའི་བཅུ་གཅིག་གི་གནམ་གྲུ་འཕྲོག་པའི་ཉེས་ཅན་དང་འབྲེལ་བ་ཡོད་ཅེས་བཤད་མྱོང་བ་དང་། ཁོ་ནི་རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མི་ཡིན་པར་དོགས་པ་ཟ་ཡོད། ཉིས་སྟོང་བཅུ་གཅིག་ལོར་ཨ་མེ་རི་ཁས་ཁ་ལོ་བ་མེད་པའི་གནམ་གྲུ་བཀོལ་ཏེ་ཡེ་མིན་ནས་ཨོ་ལ་ཅི་བསད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག