མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་དང་ཕ་ཁི་སི་ཐན་བར་དུ་མཐའ་མཚམས་ནས་འཐབ་འཁྲུག་དྲག་པོ་བྱུང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་དགོང་མོར། ཨ་ཧྥུའུ་ཧན་གྱི་དམག་དཔུང་དང་ཕ་ཁི་སི་ཐན་གྱི་དམག་དཔུང་གིས་མཐའ་མཚམས་སུ་བཙུགས་པའི་སོ་ལྟ་ཁང་རྩོད་སྐབས་ཕན་ཚུན་བར་དུ་འཐབ་འཁྲུག་དྲག་པོ་བྱུང་ནས། ཕྱོགས་གཉིས་ཀྱི་མི་སྣ་ཤི་རྨས་བཟོས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་བ་ཧ་ཅང་ཛ་དྲག་ཏུ་གྱུར་ཟེར།

ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཚོས་བཤད་རྒྱུར། ནན་ཀི་ཧ་ཨར་ཞིང་ཆེན་ཤར་ཕྱོགས་ཀྱི་ཀི་ཧྲི་ཐ་ས་ཁུལ་ནས་མཚན་མོའི་དུས་སུ་བྱུང་བའི་འཐབ་འཁྲུག་དེའི་ཁྲོད་དུ་ཨ་ཧྥུའུ་ཧན་གྱི་མཐའ་སྲུང་ཉེན་རྟོག་པ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར། ཨ་ཧྥུའུ་ཧན་གྱི་མཐའ་སྲུང་ཉེན་རྟོག་པས་ཕ་ཁི་སི་ཐན་གྱི་དམག་དགུ་འཐབ་འཁྲུག་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་ཡང་ན་རྨས་ཟེར་མོད། ཡིན་ནའང་ཕ་ཁི་སི་ཐན་སྲིད་གཞུང་གིས་འཐབ་འཁྲུག་ཁྲོད་ནས་རང་གི་མཐའ་མཚམས་ཉེན་རྟོག་དམག་མི་གཉིས་ལ་རྨས་ཕོག་ཅེས་བཤད། འདི་ནི་ཨ་ཧྥུའུ་ཧན་དང་ཕ་ཁི་སི་ཐན་གྱི་དམག་དཔུང་བར་དུ་ལོ་བཅུའི་རིང་ལ་བྱུང་བའི་འཐབ་འཁྲུག་ཆེས་ཚབས་ཆེན་རེད།

ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་ཤིག་སྤེལ་ནས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཚེས་གཉིས་ཉིན་ཨ་ཧྥུའུ་ཧན་གྱི་འཐུས་ཚབ་པར་ཐུག་འཕྲད་བྱས་ཏེ། ཨ་ཧྥུའུ་ཧན་གྱིས་དོན་མེད་དུ་མེ་མདས་བརྒྱབ་པའི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་གཏོར་བརླགས་བྱས་པ་དང་། སྤུན་ཟླ་ལྟ་བུའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་བཏང་སོང་ཞེས་རྒོལ་གཏམ་བཏང་བ་ཡིན་ཟེར། གསལ་བསྒྲགས་ནང་དུ་ཕ་ཁི་སི་ཐན་གྱི་བདེ་སྲུང་དམག་དཔུང་གིས་དོན་རྐྱེན་དེའི་ཁྲོད་དུ་རང་ཚོད་ཆེན་པོ་བཟུང་བ་ཡིན་ཞེས་ཁ་སྣོན་བྱས་ཡོད།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་ཡིས་ཚེས་གཉིས་ཉིན་གསར་འགོད་པར་ཁོས་འཐབ་འཁྲུག་དེ་ཚབས་ཇེ་ཆེར་མི་འགྲོ་བའི་རེ་བ་བཅངས་ཡོད་ཟེར། ཡིན་ནའང་ཁོས་ཨ་ཧྥུའུ་ཧན་གྱིས་སྟོབས་ཤུགས་ཡོད་རྒུས་ཨ་ཧྥུའུ་ཧན་གྱིས་ཚོད་འཛིན་བྱས་པའི་མཐའ་མཚམས་ཀྱི་ཕྱོགས་སུ་ཕྱི་རྒྱལ་གྱི་དམག་དོན་སྒྲིག་ཆས་མེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་ཁ་གསབ་བྱས་ཏེ་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག