མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཡིས་འདེམ་བསྐོ་ཆེན་མོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་བཤད་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཧ་ཀྲར་ཧོ་སོ་ཡིས་ཚེས་གསུམ་ཉིན་རྒྱལ་ཡོངས་ལ་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ལྟ་སྲུང་སྲིད་གཞུང་གིས་བྱེད་ཐབས་ཡོད་ཚད་སྤྱད་དེ། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་རང་དབང་དང་འདྲ་མཉམ། མངོན་གསལ་གྱི་ཞི་བདེའི་འདེམ་བསྐོ་ཞིག་སྤེལ་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཧོ་སོ་ཡིས་བཤད་རྒྱུར། འཇིགས་སྐུལ་པ་རྣམས་རྒྱུན་དུ་པེ་ལུའུ་ཀྲི་ཞིང་ཆེན་དང་ཁའེ་པོར་ཕུའུ་ཧྲི་ཐུའུ་ཞིང་། ཞིན་ཏི་ཞིང་ཆེན་གྱི་ཁ་ལ་ཆི་ས་ཆ་བཅས་སུ་འགུལ་སྐྱོད་བྱེད་བཞིན་ཡོད་ལ། ཉེས་མེད་མི་སེར་མང་བོ་རྐྱེན་ལམ་དུ་ཤོར་བཞིན་ཡོད་ཟེར། ཁོས་ཐ་ལེ་པན་གྱིས་ཆབ་སྲིད་འགུལ་སྐྱོད་མི་སྣ་དང་འདེམ་སྒུག་པར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་མ་ཟད། སྲིད་གཞུང་གིས་མི་སུ་ལ་ཡང་ཞི་བདེར་གནོད་སྐྱེལ་དུ་མི་འཇུག་པ་དང་། ང་ཚོས་སྟོབས་ཤུགས་ཡོད་རྒུས་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་རིང་ལུགས་ལ་ཚོད་འཛིན་བྱེད་བཞིན་ཡོད་ཟེར།

ཁོས་ད་དུང་བཤད་རྒྱུར། སྲིད་གཞུང་གིས་འདེམ་བསྐོ་ཆེན་མོའི་སྐབས་སུ་དམག་དཔུང་བཀོད་སྒྲིག་བྱས་ཏེ། འབྱུང་སྲིད་པའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་རྩིས་ཡོད་ཟེར། ཁོས་བཤད་རྒྱུར། སྲིད་གཞུང་གིས་ད་དུང་ནང་སྲིད་པུའུ་རུ་དམིགས་བསལ་གྱི་ལས་ཁུངས་ཤིག་བཙུགས་ཏེ། གསང་འཕྲིན་སྣ་ཚོགས་འཚོལ་བསྡུ་བྱས་ནས་ཞིང་ཆེན་སོ་སོའི་སྲིད་གཞུང་དང་ཁྲིམས་འཛིན་ལས་ཁུངས་ལ་འདོན་སྤྲོད་བྱེད་བཞིན་ཡོད་ལ། གལ་ཏེ་དགོས་མཁོ་ཡོད་ཚེ་ལས་ཁུངས་དེར་འགུལ་སྐྱོད་འོས་འཚམ་སྤེལ་བའི་དབང་ཆ་ཡོད་ཟེར།

ཕ་ཁི་སི་ཐན་གྱིས་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་སྤེལ་རྩིས་ཡོད་ལ། འདེམ་བསྐོ་ཐོན་ལ་ཉེ་བ་དང་བསྟུན་ནས། ཕ་ཁི་སི་ཐན་གྱི་མངའ་ཁོངས་སུ་འདེམ་བསྐོའི་བྱ་འགུལ་ལ་དམིགས་ཏེ་དྲག་ཤུགས་དོན་རྐྱེན་བསྟུད་མར་འབྱུང་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག