མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཐོག་དང་པོར་ཁྲའོ་ཞན་གྱི་དམག་ཤུགས་བསྒྲགས་ཏེ་ཁྲའོ་ཞན་ཆེས་ཚབས་ཆེ་བའི་འཇིགས་སྣང་དུ་གྱུར་ཡོད་ཅེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོས་སྤྱི་ཟླ5བའི་ཚེས2ཉིན་ཐོག་དང་པོར་ཁྲའོ་ཞན་གྱི་དམག་ཤུགས་སྙན་ཞུ་བསྒྲགས་ཏེ། ཁྲའོ་ཞན་གྱིས་ཧན་གོར་དཔུང་འཇུག་བྱེད་ན། ཉིང་རྡུལ་མཚོན་ཆ་དང་རྒྱང་འཕེན་འཕུར་མདའ་བཀོལ་ཆོག་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་སྣང་མེད་དུ་བཞག་སྟེ་མཚོན་ཆ་ཁྱབ་གདལ་དུ་བཏང་ཆོག་པས། ད་ལྟ་སྔར་བཞིན་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཆེས་ཆེ་བའི་འཇིགས་སྣང་དུ་གྱུར་ཡོད་ཅེས་བཤད།

ཨ་མེ་རི་ཁའི2012ལོའི་ནོར་སྲིད་ཀྱི་རྒྱལ་སྲུང་ཆོག་མཆན་བཅའ་ཁྲིམས་ལས་ཟུར་ལྔའི་ཐོག་ཁང་ཆེན་མོས་རྗེས་ཕྱོགས་ལོ་རེར་རྒྱལ་ཚོགས་ལ་ཁྲའོ་ཞན་དམག་ཤུགས་ཐད་ཀྱི་སྙན་ཞུ་ཞིག་སྤྲོད་དགོས་པའི་རེ་བ་བཏོན་ཡོད། ཐག་གཅོད་དེ་ལྟར་ཟུར་ལྔའི་ཐོག་ཁང་ཆེན་མོས་ཉིན་དེར་སྙན་ཞུ་ཐོག་མ་སྤྲད་པ་མ་ཟད། སྙན་ཞུ་དེའི་གསང་བ་མིན་པའི་ནང་དོན་ཁྱབ་བསྒྲགས་བྱས།

ཤོག་ངོས་ཉེར་དྲུག་ཡོད་པའི་སྙན་ཞུ་དེས་མགོ་བཟུང་མ་ཐག ཁྲའོ་ཞན་གྱི་བརྙད་བརྐོ་བ་དང་ས་ཁུལ་གྱི་གཏན་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་བལྟས་ཚེ། གལ་ཏེ་ཧན་གོར་དཔུང་འཇུག་བྱེད་ན། ཉིང་རྡུལ་མཚོན་ཆ་དང་རྒྱང་འཕེན་འཕུར་མདའ་བཀོལ་ཆོག་པ་མ་ཟད། རྒྱལ་སྤྱིའི་ཆོད་དོན་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་སྣང་མེད་དུ་བཞག་སྟེ་མཚོན་ཆ་ཁྱབ་གདལ་དུ་བཏང་ཆོག་པས། ཁྲའོ་ཞན་ནི་སྔར་བཞིན་ཨེ་ཤ་ཡ་ཤར་བྱང་གི་ཨ་མེ་རི་ཁའི་ཆེས་ཆེ་བའི་བདེ་འཇགས་ཐད་ཀྱི་འཇིགས་སྣང་རེད་ཅེས་བཤད་ཡོད།

སྙན་ཞུའི་ནང་དུ་བཤད་རྒྱུར། ཐོན་ཁུངས་དཀོན་པ་དང་མཚོན་ཆ་རྙིང་ནའང་། ཁྲའོ་ཞན་གྱིས་གཡུལ་སར་དམག་ཤུགས་མང་བོ་བཀོད་སྒྲིག་བྱས་ཏེ་ཧན་གོར་མི་སྣའི་ཤི་རྨས་ཚབས་ཆེན་བཟོས་ཆོག་མོད། ཨ་མེ་རི་ཁ་དང་ཧན་གོའི་མནའ་འབྲེལ་སྟོབས་ཤུགས་ལ་བསམ་གཞིགས་བཏང་སྟེ། ཁྲའོ་ཞན་གྱིས་ཧན་གོར་དཔུང་འཇུག་བྱས་མེད། ཡིན་ནའང་ཁྱབ་ཁོངས་ཆུང་ངུ་ནས་ཁྲའོ་ཞན་གྱིས་དམག་དོན་ཐད་ནས་བརྙད་བརྐོས་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་མངོན་འགྱུར་བྱེད་འདོད་ཡོད་དེ། ཉིས་སྟོང་བཅུ་ལོར་ཧན་གོའི་ཐེན་ཨན་རྟགས་ཅན་གྱི་དམག་གྲུ་བསྣུབས་པ་དང་ཡན་ཕེན་གླིང་ཕྲན་ལ་སྒྱོགས་མདེལ་འཕངས་པ་ལྟ་བུ་རེད་ཟེར།

ཀུན་གྱིས་དོ་སྣང་བྱེད་པའི་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཐད་ནས། སྙན་ཞུའི་ནང་དུ་ཁྲའོ་ཞན་གྱིས་ཉིང་རྡུལ་ལག་རྩལ་དང་ཉིང་རྡུལ་སྟོབས་ཤུགས། རྒྱང་འཕེན་འཕུར་མདའ་བཅས་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་དང་། ཉིས་སྟོང་བཅུ་ལོར་ཉིང་རྡུལ་སྒྲིག་ཆས་ཡོངས་བསྒྲགས་བྱས་ཤིང་། 2012ལོར་གླིང་ཕན་ཚུན་བར་འཕངས་ཆོག་པའི་འཕུར་མདའ་ངོམས་པ་མ་ཟད་ཕུའུ་ཏུང་ཆེན་པོ་གཉིས་པ་རྟགས་ཅན་གྱི་འཕུར་མདའ་འཕངས་ལ། ད་ལོའི་སྤྱི་ཟླ2པའི་བར་དུ་ཉིང་རྡུལ་ཚོད་ལྟ་ཐེངས་གསུམ་ལ་བྱས་ཞེས་བཤད་ཡོད།

སྙན་ཞུའི་ནང་དུ་ཁྲའོ་ཞན་གྱིས་རང་གི་ཉིང་རྡུལ་རྨང་གཞིའི་སྒྲིག་ཆས་ལ་མུ་མཐུད་མ་དངུལ་གཏོང་བཞིན་པ་དང་། ཁྲའོ་ཞན་གྱིས་ནམ་ཡིན་ཡང་ཡང་བསྐྱར་ཉིང་རྡུལ་ཚོད་ལྟ་བྱས་ཆོག་ཅེས་བཤད་ཡོད།

བྱེ་བྲག་གི་དམག་ཤུགས་གླེང་སྐབས། སྙན་ཞུའི་ནང་དུ་ཁྲའོ་ཞན་གྱི་དམག་དཔུང་ནི་སྐམ་མཚོ་མཁའ་གསུམ་དང་། འཕུར་མདའ་དང་ཆེད་རིགས་དམག་དཔུང་གིས་གྲུབ་པ་ཡིན་ལ། སྤྱིའི་དམག་གྲངས་འཛམ་གླིང་གི་ཨང་བཞི་བ་ཡིན་པ་མ་ཟད། ཁྲའོ་ཞན་གྱི་དམག་དཔུང་ལ་གློག་ཀླད་དྲ་བ་བཀོལ་བའི་ནུས་པ་ལྡན་པར་སྙམ་ཞེས་བཤད་ཡོད།

སྙན་ཞུའི་ནང་དུ་ད་དུང་། ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཧན་གོའི་མཐའ་མཚམས་ཀྱི་རྒྱང་འཕེན་མེ་སྒྱོགས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པ་དང་། རྒྱལ་ཁབ་རང་གི་རྒྱུན་ལྡན་མཚོན་ཆ་གོང་འཕེལ་དུ་གཏོང་བཞིན་ཡོད་ལ། དེ་དང་མཉམ་དུ་ཧན་གོ་དང་འཇར་པན་མངའ་ཁོངས་ཀྱི་དམིགས་འབེན་ལ་དཔུང་འཇུག་བྱས་ཆོག་པའི་འཕུར་མདའ་མང་བོ་ཡོད་པ་མ་ཟད། འཕུར་མདའི་གཏོང་འཕེན་མ་ལག་བཅོས་སྒྱུར་དང་ཉིང་རྡུལ་ལག་རྩལ་གོང་འཕེལ་དུ་གཏོང་བའི་མཇུག་མཐའི་དམིགས་འབེན་ནི་ཨ་མེ་རི་ཁའི་མངའ་ཁོངས་ལ་འཇབ་རྒོལ་བྱེད་རྒྱུ་དེ་ཡིན་ཞེས་བཤད་ཡོད།

སྙན་ཞུའི་ནང་དུ། གོང་གི་བྱ་སྤྱོད་རབ་དང་རིམ་པའི་ཁར་ཧན་གོ་དགྲ་རུ་བཟུང་བ་དེ་བསྣན་ཚེ། ཁྲའོ་ཞན་གྱིས་མུ་མཐུད་དུ་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་དང་ས་ཁུལ་གྱི་གཏན་འཇགས་ལ་འཇིགས་སྣང་བཟོས་ཡོད། ཁྲའོ་ཞན་གྱི་འཇིགས་སྣང་ལ་དམིགས་ཏེ། ཨ་མེ་རི་ཁས་དམ་བཅའ་བརྩི་སྲུང་བྱས་ཏེ། ཉིང་རྡུལ་སྲུང་སྐྱོབ་དང་རྒྱུན་ལྡན་གྱི་རོགས་སྐྱོར་སོགས་ལ་བརྟེན་ནས་མནའ་གྲོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག