མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་མི་བྱེད་པའི་ལངས་ཕྱོགས་ལ་ཡང་བསྐྱར་བསམ་གཞིགས་གཏོང་བཞིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧ་ཀིར་གྱིས་སྤྱི་ཟླ5བའི་ཚེས2ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་མི་བྱེད་པའི་ལངས་ཕྱོགས་ལ་ཡང་བསྐྱར་བསམ་གཞིགས་གཏོང་བཞིན་ཡོད་ཟེར།

ཧ་ཀིར་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཧ་མིན་ཏི་དང་མཉམ་དུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཨ་མེ་རི་ཁའི་སྲིད་གཞུང་གིས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་མི་བྱེད་པའི་ལངས་ཕྱོགས་ལ་ཡང་བསྐྱར་བསམ་གཞིགས་གཏོང་བཞིན་ཡོད་མོད། ཡིན་ནའང་དེའི་ཐད་ནས་ད་དུང་ཐག་གཅོད་ཅི་ཡང་བྱས་མེད་ཅེས་ཁས་བླངས།

ཧ་ཀིར་གྱིས་བཤད་རྒྱུར། ལངས་ཕྱོགས་ཤིག་ལ་ཡང་བསྐྱར་བསམ་གཞིགས་གཏོང་བ་དེས་དེ་ལྟར་བསྒྲུབ་ངེས་པ་མཚོན་མི་སྲིད་མོད། ཡིན་ནའང་ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་སྤྱིའི་གྲོགས་པོ་དང་མཉམ་དུ་འབྲེལ་ཡོད་གནས་དོན་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར། ཁོས་སི་རི་ཡའི་གནས་བབ་ལ་ད་ལྟ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། ཨ་མེ་རི་ཁས་ཕྱོགས་སོ་སོ་ནས་བསམ་གཞིགས་ཞིབ་མོ་བྱེད་དགོས་ཞེས་བཤད།

དེའི་སྔོན་ལ་ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་སྲོག་གཅོད་ཀྱི་མཚོན་ཆ་སྐྱེལ་རྩིས་ཡོད་པ་མ་ཟད། བྱེད་ཐབས་སྤྱད་དེ་ཙུང་ཐུང་པ་ཧྲར་གྱིས་མགོ་ཁྲིད་པའི་སི་རི་ཡའི་སྲིད་གཞུང་རྩ་རྫོགས་བྱེད་པར་སྔར་ལས་ནུས་པ་ལྡན་པའི་མགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རེད་ཟེར།

ཨོ་པ་མ་ཡིས་སྤྱི་ཟླ4བའི་ཚེས30ཉིན་ལ་སི་རི་ཡའི་མངའ་ཁོངས་ནས་རྫས་འགྱུར་མཚོན་ཆ་བཀོལ་བའི་གནད་དོན་དེར་འཚབ་འཚུབ་ཀྱི་ངང་ནས་སྡོམ་ཚིག་འགོད་མི་རུང་ལ། རྗེས་ཕྱོགས་ཀྱི་འགུལ་སྐྱོད་ཐད་ནས་ཐག་གཅོད་མ་བྱས་གོང་། ཁོས་དོན་དངོས་རྩད་གཅོད་དགོས་པ་དང་། སི་རི་ཡས་རྫས་འགྱུར་མཚོན་ཆ་བཀོལ་བ་གཏན་ཁེལ་བྱས་ཚེ། ཁོས་ད་དུང་ལག་བསྟར་བྱས་མེད་པའི་བྱེད་ཐབས་གཞན་པ་སྤྱོད་པར་བསམ་གཞིགས་གཏོང་རྒྱུ་ཡིན་ཞེས་བཤད་མྱོང་།

ཨོ་པ་མ་སྲིད་གཞུང་གིས་རང་གིས་སྐྱེལ་བའི་མཚོན་ཆ་ངོ་རྒོལ་ཕྱོགས་ཁག་གི་ཐལ་སྐྱོད་མི་སྣའི་ལག་ཏུ་འཆོར་བར་དོགས་ནས། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་སྲོག་གཅོད་མི་ཐུབ་པའི་དངོས་རྫས་ཁོ་ནས་རོགས་སྐྱོར་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག