མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཀྱི་འཐུས་མིས་སི་རི་ཡའི་གནད་དོན་ལ་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་སྤྱི་ཟླ5བའི་ཚེས2ཉིན་གྱི་སྔ་དྲོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལྔའི་འཐུས་མི་ལ་དངོས་གཞི་མིན་པའི་ཐུག་འཕྲད་བྱས་ཏེ། སི་རི་ཡའི་གནས་བབ་དང་འབྲེལ་བའི་གནད་དོན་ལ་གྲོས་མོལ་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཉིན་དེར་ཉིག་ཡའོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱིའི་ལས་ཁུངས་ནས་བསྡུས་པའི་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ལ་སི་རི་ཡའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་གྱི་རྟོག་ཞིབ་བྱ་བའི་འཕེལ་རིམ་གསར་བ་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་སོ་སོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བཞིན་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཇི་ལྟར་ཇེ་ཆུང་དུ་གཏོང་བར་འབད་བརྩོན་བྱེད་པའི་ཐད་ནས་གྲོས་སྡུར་བྱས་པ་མ་ཟད། སི་རི་ཡའི་ཉམས་ཉེན་མཇུག་སྒྲིལ་བར་ལག་བསྟར་བྱས་ཆོག་པའི་ཕྱི་འབྲེལ་བྱེད་ཐབས་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་ཟེར།

གསར་འགོད་པས་ཐེངས་འདིའི་དངོས་གཞི་མིན་པའི་གྲོས་མོལ་དེ་བསྡུས་པར་དམིགས་བསལ་གྱི་རྒྱུ་རྐྱེན་ཅི་ཞིག་ཡོད་དྲིས་པ་ན། ནེ་ཞི་ཨར་ཅི་ཡིས་དེ་ནི་སི་རི་ཡའི་ཆེད་དུ་ཡིན་ཏེ། ང་ཚོ་ཚང་མས་ཤེས་གསལ་ལྟར། མི་ཆོས་རིང་ལུགས་ཐད་ཀྱི་ཉམས་ཉེན་ད་དུང་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ཤི་རྨས་ཀྱི་འཁྲུག་རྩོད་ཀྱང་ད་དུང་མཚམས་ཆད་མེད་ཅེས་ལན་བཏབ།

དབྱེ་ཞིབ་མི་སྣས་རྫས་འགྱུར་མཚོན་ཆའི་གནས་ཚུལ་དང་། ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་པའི་བདེ་འཇགས་གནས་བབ། ཆབ་སྲིད་ལ་བརྟེན་ནས་གནད་དོན་ཐག་གཅོད་པའི་བྱེད་ཐབས་སྤེལ་ཐབས་བྲལ་བ་བཅས་ནི་སི་རི་ཡའི་ཉམས་ཉེན་ཐག་གཅོད་པར་བར་ཆད་བྱེད་པའི་བཀག་རྡོ་གསུམ་དུ་གྱུར་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དང་སི་རི་ཡའི་སྲིད་གཞུང་བར་དུ་རྫས་འགྱུར་མཚོན་ཆའི་དོན་རྐྱེན་གྱི་རྟོག་ཞིབ་བྱ་པའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་མེད། སི་རི་ཡའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྟོག་ཞིབ་ཚོགས་པ་ཞིག་མངགས་ཏེ་ཨ་ལེ་ཕོ་ཞིང་ཆེན་ནས་དོན་དེར་རྟོག་ཞིབ་བྱེད་རྒྱུའི་རེ་བ་བཏོན་མོད། ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྟོག་ཞིབ་ཁྱབ་ཁོངས་དེ་སི་རི་ཡའི་མངའ་ཁོངས་ཡོངས་ལ་རྒྱ་བསྐྱེད་དགོས་པའི་རེ་བ་བཏོན་པས། སི་རི་ཡའི་སྲིད་གཞུང་གིས་རྟོག་ཞིབ་ཚོགས་པ་སི་རི་ཡའི་མངའ་ཁོངས་སུ་ཡོང་དུ་མ་བཅུག

སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་དང་སྲིད་གཞུང་བར་དུ2011ལོའི་སྤྱི་ཟླ3པར་འཁྲུག་རྩོད་བྱུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་དུ་བསྡོམས་རྩིས་བྱས་པའི་གྲངས་ཀ་ལྟར་ན། ད་བར་དུ་མི་ཁྲི7ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ1.4ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག