མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཏཱ་ཨར་ཧྥུའུ་ཨར་ཉམས་ཉེན་ལ་འབྲེལ་བའི་ཕྱོགས་ཁག་སོ་སོས་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འགོད་དགོས་པའི་སྐུལ་མ་བཏང་བ།

    2013-04-30 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཏི་སུའུ་ཡིས་ཚེས་ཉེར་དགུའི་ཉིན་བསྟན་དོན། དམག་དོན་བྱེད་ཐབས་ལ་བརྟེན་ནས་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་ཉམས་ཉེན་ཐག་གཅོད་བྱེད་ཐབས་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། འབྲེལ་ཡོད་འཁྲུག་རྩོད་ཕྱོགས་ཁག་གིས་མྱུར་དུ་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འགོད་པར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་སུའུ་ཏན་གནད་དོན་གྱི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ནས་ལཱ་ཏི་སུའུ་ཡི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་གནས་ཚུལ་གསར་སྐོར་གྱི་སྙན་ཞུ་ལ་ཉན། ལཱ་ཏི་སུའུ་ཡིས་བཤད་རྒྱུར། ཏཱ་ཨར་ཧྥུའུ་ཨར་གྱི་ཞི་བདེའི་འཕེལ་རིམ་ལ་མི་སེམས་དགའ་བའི་གྲུབ་འབྲས་ཅུང་ཙམ་ཐོབ་ཡོད་ཀྱང་། འབྲེལ་ཡོད་ཕྱོགས་སོ་སོས་བཟོད་སྒོམ་རང་བཞིན་ལྡན་པའི་ཆབ་སྲིད་ཐག་གཅོད་ཇུས་གཞི་འགོད་པར་གྲོས་མཐུན་བྱུང་མེད་ཟེར། ལཱ་ཏི་སུའུ་ཡིས་བཤད་རྒྱུར། ཏཱ་ཨར་ཧྥུའུ་ཨར་མི་དམངས་ཀྱིས་དུས་ཡུན་རིང་བོར་འཁྲུག་རྩོད་ཀྱི་སྡུག་བསྔལ་མྱངས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རང་གི་འགན་ནུས་འདོན་སྤེལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་ཆེད་མངག་ཚོགས་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཞོར་དུ་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་སོ་སོར་གནོན་ཤུགས་བྱིན་ནས། ཁོ་ཚོས་འགྲིག་མཐུན་གྱི་གྲོས་མཐུན་བཀོད་ནས་འཁྲུག་རྩོད་མཚམས་འཇོག་པ་དང་ཞི་བདེ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་དགོས་པའི་སྐུལ་མ་བཏང་། ཁོས་བསྟན་དོན། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་མཉམ་དུ་འབད་བརྩོན་བྱས་ཏེ། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་ཉམས་ཉེན་དེ་དམག་དོན་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད་པར་ཡིད་ཆེས་སུ་འཇུག་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག